གངས་དཀར་རི་བོར་སྣེ་ལེན་བྱས་པའི་ཡུལ་སྐོར་བ་མི་ཐེངས་ཁྲི་100ལྷག་ཙམ་ཟིན་པ།
མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་ཆར། གསར་འགོད་པར་མཚོ་སྔོན་མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་འཇུ་ལག་ཧུད་རིགས་རང་སྐྱོང་རྫོང་རིག་རྩལ་ཡུལ་སྐོར་རླུང་འཕྲིན་བརྙན་འཕྲིན་ཅུས་ནས་ཤེས་རྟོགས་བྱུང་བར། 2025ལོར་འཇུ་ལག་རྫོང་གིས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་ས་འཛུགས་སྐྲུན་བཀོད་སྒྲིག་ལ་དམ་པོར་དམིགས་ཏེ། “ཡུལ་སྐོར་+”ལ་བརྟེན་ནས་གངས་འཁྱགས་དཔལ་འབྱོར་གྱི་གསོན་ཤུགས་འཕེལ་བར་བྱས་པ་དང་། སྐྱེ་ཁམས་དང་ཡུལ་སྐོར་མཉམ་འདྲེས་དང་། དེ་བཞིན་འཕེལ་རྒྱས་དང་དམངས་ཕྱུག་གཉིས་ཁེའི་ཁྱད་ལྡན་ཐབས་ལམ་བཏོད་དེ་ལོ་ཧྲིལ་པོར་ཡུལ་སྐོར་བ་མི་ཐེངས་ཁྲི་358.95སྣེ་ལེན་བྱས་པ་དང་ཡུལ་སྐོར་གྱི་འགྲོ་གྲོན་བསྡོམས་འབོར་སྒོར་དུང་ཕྱུར་14.69ཟིན་ཡོད།
འཇུ་ལག་རྫོང་དུ་གངས་རི་དང་། འཁྱགས་རོམ། སྨུག་བད་ངོ་མཚར་མཛེས་ལྗོངས་སོགས་སྤུས་ལེགས་ཡུལ་སྐོར་ཐོན་ཁུངས་ཡོད་ལ། མདོ་ལ་རིང་མོ·གངས་དཀར་རི་བོ་ལྟེ་བར་བྱས་ཏེ“ཚེ་འདིར་འཛེགས་པའི་གངས་རི་དང་པོའི”ཁྱད་ལྡན་ཡུལ་སྐོར་གྱི་IPབཏོད་པ་དང་། རྒྱལ་སྤྱིའི་གངས་ཤུད་རི་འཛེག་མཁས་པའི་འགྲན་བསྡུར་སོགས་རྩེར་སོན་འགྲན་བསྡུར་གཉེར་བ། “གངས་རིར་ལོ་རྙིང་སྐྱེལ་བའི”དབྱིངས་ཞུགས་རྣམ་པའི་ཉམས་ལེན་སྤེལ་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། 2025ལོར་གངས་དཀར་རི་བོར་སྣེ་ལེན་བྱས་པའི་ཡུལ་སྐོར་བ་མི་ཐེངས་ཁྲི་100ལྷག་ཙམ་ཟིན་པ་མ་ཟད། ལེགས་གྲུབ་ལྡན་པའི་ངང་རྒྱལ་ཁབ་ཀྱི་4Aརིམ་པའི་མཛེས་ལྗོངས་ཁུལ་དུ་བསྐྲུན་པ་དང་རྒྱལ་ཁབ་ཀྱི་སྤུས་ཚད་མཐོ་བའི་ཕྱི་རོལ་ལུས་རྩལ་བྱ་ཡུལ་ཁག་དང་པོའི་ནང་བདམས་ཡོད། འཇུ་ལག་ཆུ་བོའི་འབབ་རྒྱུད་ཀྱི“གངས་སའི་སྒར་འདེབས་དང་སྨུག་བད་ངོ་མཚར་མཛེས་ལྗོངས”ཀྱི་ཡུལ་སྐོར་སྤུས་རྟགས་རྒྱུན་མཐུད་དར་ཁྱབ་བྱུང་བ་དང་། མཚོ་ལུང་ཐང་སྒར་འདེབས་རྟེན་གཞིས་དུས་ཚིགས་རྐྱང་པར་ཡུལ་སྐོར་བ་མི་ཐེངས་ཁྲི་9ལྷག་ཙམ་ལ་སྣེ་ལེན་བྱས་པ། “ཞིང་ལས་དང་། ལུས་རྩལ། རིག་གནས། ཡུལ་སྐོར། ཚོང་ལས”བཅས་མཉམ་འདྲེས་གཏིང་ཟབ་བྱུང་ནས་ཡུལ་སྐོར་ལས་རྣམ་ཟམ་མི་ཆད་པར་ཕུན་སུམ་ཚོགས་སུ་ཕྱིན་པ་བཅས་རེད།
ཡུལ་སྐོར་འཕེལ་རྒྱས་ཀྱི་ཁེ་སྤོགས་ལས་མང་ཚོགས་ལ་རྒྱུན་མཐུད་ཕན་པ་ཐོབ་པ་དང་འཇུ་ལག་རྫོང་གིས“གངས་རིའི་སྣེ་ཤན་པའི”ཞིང་ཆེན་རིམ་པའི་ངལ་ལས་སྤུས་རྟགས་སྐྱེད་སྲིང་དང་ཆེད་ལས་ཅན་གྱི་ཞབས་ཞུའི་དཔུང་ཁག་བཙུགས་ནས་མི་600ལས་ཞུགས་ཐུབ་པར་སྐུལ་ཁྲིད་བྱས་པ་དང་། ཞིང་འབྲོག་པ་རྣམས་གཅིག་རྗེས་གཉིས་མཐུད་ངང་ཡུལ་སྐོར་ལས་གཉེར་པར་གྱུར་ནས་འབབ་འཕར་ཕྱུག་འགྱུར་བྱུང་ཡོད། མཛེས་ལྗོངས་ཁུལ་མཐའ་འཁོར་གྱི་ཞིང་ཕན་ས་ཚིགས་དང་། ཞིང་དུད་སྤྲོ་སྐྱིད་ཁང་། སྐྱས་ཁྲོམ་དཔལ་འབྱོར་བཅས་ས་ཆ་མང་པོ་ཞིག་ཏུ་དར་ཁྱབ་བྱུང་བ་དང་། “ཨ་མའི་ལས་གནས”སོགས་ཁྱད་ལྡན་ལས་གནས་ཀྱིས་ཡོང་འབབ་འཕར་བའི་ཐབས་ལམ་རྒྱ་ཆེར་བཏང་བ། འཇུ་ལག་ཆུ་བོའི་སྨུག་བད་ངོ་མཚར་མཛེས་ལྗོངས་ཀྱིས་སྒོར་ཁྲི་40ལྷག་ཙམ་རི་བའི་ཞིང་འབྲོག་ཐོན་རྫས་ཕྱིར་ཚོང་བྱེད་རོགས་བྱས་ནས་ཡུལ་སྐོར་ལ་སྣེ་ཁྲིད་དང་མང་ཚོགས་ལ་ཕན་པའི་འཁོར་རྒྱུག་བཟང་པོ་ཞིག་ཆགས་ཡོད།
འབྲེལ་ཡོད་གསར་འགྱུར།