དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རྨང་གཞི་བརྟན་དུ་བཏང་ནས་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་ལ་འགྱུར་མགྱོགས་སུ་གཏོང་དགོས།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-02-05

    ཆེད་བརྗོད།

    ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་སྤྱི་ཡོངས་དང་རྒྱུ་སྤུས་དང་འབྲེལ་བ་ཡོད། ད་ལོ་ནི“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཚུགས་ལོ་ཡིན་པས། “ཞིང་གསུམ”ལས་དོན་ཡག་པོ་བསྒྲུབ་རྒྱུ་ནི་ཧ་ཅང་གལ་འགངས་ཆེ་བ་ཞིག་རེད།

    ཟླ་2ཚེས་3ཉིན། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་ལ་དམིགས་ནས་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་ཏན་ཏིག་གཏོང་རྒྱུའི་སྐོར་གྱི་བསམ་འཆར》ཁྱབ་བསྒྲགས་བྱས་ཡོད། དེ་ནི་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བསྟུད་མར་བཏོན་པའི“ཞིང་གསུམ”ལས་དོན་ལ་མཛུབ་ཁྲིད་བྱེད་པའི་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོ་ཐེངས་14པ་དེ་ཡིན་ལ། “ལོ་ལྔ་ཚན་བཅོ་ལྔ་པ”འགོ་ཚུགས་པའི་སྐབས་སུ་ཁྱབ་བསྒྲགས་བྱས་པའི་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོ་ཡང་ཡིན་ཞིང་། དེས་ཞིང་ལས་དང་གྲོང་གསེབ་སྔོན་ལ་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་བྱེད་པའི་བརྡ་རྟགས་དྲག་པོ་སྔར་བས་བཏང་སྟེ་ད་ལོའི“ཞིང་གསུམ”ལས་དོན་ཡག་པོ་སྒྲུབ་པར་བྱ་སྤྱོད་ཀྱི་ཁྲིད་སྟོན་བྱས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས‘ཞིང་གསུམ’གྱི་གནད་དོན་ཐག་གཅོད་ཡག་པོ་བྱ་རྒྱུ་དེ་གལ་ཆེའི་ནང་གི་འགངས་ཆེར་བརྩི་རྒྱུ་མཐའ་འཁྱོངས་དང་རིམ་ལྔའི་ཧྲུའུ་ཅིས་གྲོང་གསེབ་དར་རྒྱས་ལ་དམ་འཛིན་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་འབད་འབུངས་ཡར་བརྩོན་དང་དངོས་འཛིན་དངོས་སྒྲུབ་ཀྱིས་ཞིང་ལས་འདི་ཉིད་དེང་རབས་ཅན་གྱི་ཐོན་ལས་ཆེན་པོར་ཧུར་ཐག་སྐྲུན་ཏེ་གྲོང་གསེབ་ལ་གཞི་རྩའི་དེང་རབས་ཀྱི་འཚོ་བའི་ཆ་རྐྱེན་འཛོམས་པར་བྱས་ནས་ཞིང་པའི་འཚོ་བ་དེ་བས་འབྱོར་ཕྱུག་དང་མཛེས་སྡུག་ལྡན་པ་ཞིག་ཡོང་བར་བྱེད་དགོས”ཞེས་ནན་བཤད་གནང་ཡོད་པས། ང་ཚོས་ཚད་མཐོའི་འགན་འཁྲིའི་བསམ་པ་དང་། ཁ་ཚ་དགོས་གཏུགས་ཀྱི་བསམ་པ། ལས་འགན་སྒྲུབ་སེམས་བཅས་ཀྱི་ཐོག་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས།

    “ཞིང་གསུམ”ལེགས་སུ་ཕྱིན་ན་སྤྱི་ཡོངས་རང་འགུལ་ཡོང་ཐུབ། 2025ལོར་རང་རྒྱལ་གྱི་འབྲུ་རིགས་ཐོན་སྐྱེད་ཐད་རང་བྱུང་གི་གནོད་འཚེ་སོགས་རྒྱུ་རྐྱེན་གྱི་ཤུགས་རྐྱེན་ཁྱད་བསད་བྱས་པར་བརྟེན་ཐོན་འབབ་སླར་ཡང་ལོ་རྒྱུས་ཀྱི་ཟིན་ཐོ་མཐོ་ཤོས་བཏོད་ནས་རྒྱ་མ་དུང་ཕྱུར་14298ཟིན་ཏེ་ལོ་གཉིས་བསྟུད་མར་རྒྱ་མ་དུང་ཕྱུར་ཁྲི་1.4ཡན་རྒྱུན་འཁྱོངས་ཐུབ་ཡོད། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་མུ་མཐུད་སྲ་བརྟན་དང་རྒྱ་ཆེར་ཕྱིན་ནས་གཞི་ཁྱོན་ཆེ་བའི་དབུལ་ལོག་དང་དབུལ་ཕོངས་ཀྱི་གནད་དོན་མི་ཐོན་པའི་མཐའ་ཚད་བརྟན་པོར་བསྲུངས་ཡོད། “ཁྲི་སྟོང་ལས་གྲྭའི”ཉམས་མྱོང་སློབ་སྦྱོང་དང་བེད་སྤྱོད་གཏིང་ཟབ་ཏུ་བཏང་བ་དང་གནས་འཕྲོད་ལས་འཚམ་མཛེས་མཐུན་གསུམ་ལྡན་གྱི་གྲོང་གསེབ་སྐྲུན་པར་སྐུལ་འདེད་ཏན་ཏིག་བཏང་བར་བརྟེན་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་24456ཟིན་ཡོད། “ལོ་ལྔ་ཚན་བཅུ་བཞི་པའི”རིང་། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་གྱི་འཛུགས་སྐྲུན་ལ་དགེ་མཚན་ལྡན་པའི་འཕེལ་རིམ་བྱུང་བ་དང་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ལ་གྲུབ་འབྲས་གསར་པ་ཐོབ་སྟེ་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་རྨང་གཞིའི་འདེགས་སྐྱོར་བྱས་ཡོད་ལ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་འཐབ་ཇུས་ཀྱི་རང་འགུལ་ཡང་ཐོབ་ཡོད། “ལོ་ལྔ་ཚན་བཅོ་ལྔ་པའི”ཕྱོགས་སུ་གོམ་ཞེང་ཆེན་པོ་སྤོས་ནས་སྤྱི་ཡོངས་བློ་ལ་འཆང་བ་དང་། ལས་འགན་ལྕི་པོ་དང་དཀའ་ངལ་ཕྲག་ཏུ་འཁུར་བ། འབད་འབུངས་ཡར་བརྩོན་བཅས་བྱས་ཚེ། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་ལ་འགྱུར་མགྱོགས་སུ་ཕྱིན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་ཡག་པོ་དེ་བས་ཐེབས་ངེས་རེད།

    རྒྱལ་ནང་དང་རྒྱལ་སྤྱིའི་སྤྱི་ཡོངས་གཉིས་སྤྱི་འདོམས་ནས་བལྟས་ན། ཞིང་ལས་ཀྱི་གཞི་གདན་དང“ཞིང་གསུམ”གྱི་རྨང་གཞི་ཡག་པོ་སྲུང་རྒྱུ་ནི་དུས་བབ་ལ་ཁ་གཏད་གཅོག་པ་དང་རྣམ་པ་གསར་པ་གཏོད་པའི“གྲུ་རྡོ”ལྟ་བུ་ཞིག་རེད། མིག་སྔར་རྒྱལ་སྤྱིའི་དུས་བབ་རྙོག་འཛིང་དང་ཛ་དྲག་ཆེ་བའི་དབང་གིས་རང་རྒྱལ་གྱི་འཕེལ་རྒྱས་ལ་འཕྲད་པའི་གཏན་འཁེལ་མེད་ལ་སྔོན་དཔག་དཀའ་བའི་རྒྱུ་རྐྱེན་མང་དུ་འགྲོ་བཞིན་ཡོད། ཉེན་ཁ་དང་འགྲན་སློང་ལ་ཁ་གཏད་ཇི་ཙམ་གཅོག་པ་དེ་ཙམ་གྱིས“ཞིང་གསུམ”གྱི་ལས་ཀའི་རྨང་གཞི་བརྟན་དུ་གཏོང་དགོས་པ་མ་ཟད། རྒྱལ་ནང་གི་ཐོན་སྐྱེད་བརྟན་པོ་དང་མཁོ་སྤྲོད་འགན་ལེན་གྱི་གཏན་འཁེལ་རང་བཞིན་ལ་བརྟེན་ནས་ཕྱིའི་ཁོར་ཡུག་གི་གཏན་འཁེལ་མེད་པའི་རང་བཞིན་ལ་ཁ་གཏད་གཅོག་པ་དང་ཞིང་ལས་དང་གྲོང་གསེབ་ཀྱི་བརྟན་ལྷིང་འཕེལ་རྒྱས་ལ་བརྟེན་ནས་གཏན་འཁེལ་མེད་པའི་རྒྱུ་རྐྱེན་སྣ་ཚོགས་ལ་ཁ་གཏད་གཅོག་དགོས། ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོའི་ནང་འབྲུ་རིགས་དང་པད་ཁའི་ཐོན་སྐྱེད་བརྟན་པོའི་ངང་འཕེལ་རྒྱས་གཏོང་བ་དང་། རྨོ་ཞིང་སྲུང་སྐྱོང་དང་སྤུས་ཚད་མཐོར་གཏོང་ལ་ཤུགས་སྣོན་རྒྱག་པ། ཞིང་ལས་ཚན་རྩལ་གསར་གཏོད་ཀྱི་ནུས་པ་ཆེ་རུ་གཏོང་བ་སོགས་ལ་དམིགས་ནས་བཀོད་སྒྲིག་བྱས་ཡོད། འབྲུ་རིགས་བདེ་འཇགས་ནི“རྒྱལ་ཁབ་ཀྱི་དོན་ཆེན”ཡིན་པ་བློ་ལ་བརྟན་པོར་ངེས་ནས་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་འགན་ལེན་གྱི་འགན་འཁྲི་མཐའ་གཅིག་ཏུ་འཁུར་བ་དང་འབྲུ་རིགས་ཐོན་སྐྱེད་ལ་རྒྱུན་སྲིང་ལྷོད་མེད་ངང་དམ་འཛིན་བྱས་ཏེ་འབྲུ་རིགས་སོགས་ཞིང་ལས་ཐོན་རྫས་གལ་ཆེན་བརྟན་པོ་དང་བདེ་འཇགས་ངང་མཁོ་སྤྲོད་ཐུབ་པར་བྱས་ནས་རང་ཉིད་ཀྱི་ལྟོ་ཕོར་ལག་ཏུ་དམ་པོར་འཛིན་ཐུབ་པར་བྱེད་དགོས།

    ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་སྤྱི་ཡོངས་ནས་བལྟས་ན། ཞིང་ལས་དང་གྲོང་གསེབ་ཀྱི་དེང་རབས་ཅན་མེད་ན། རྒྱལ་ཁབ་ཧྲིལ་པོའི་དེང་རབས་ཅན་ཡོང་མི་སྲིད། དེང་རབས་ཅན་གྱི་འཕེལ་རྒྱས་ཀྱི་བར་མཐོངས་རྒྱ་སྐྱེད་གཏོང་དགོས་པ་དང་ཞིང་ལས་དང་གྲོང་གསེབ་ནི་རེ་བས་ཕྱུག་པའི་ཡངས་ཤིང་རྒྱ་ཆེ་བའི་གནམ་ས་ཞིག་ཡིན། རང་རྒྱལ་གྱི་གྲོང་ཁྱེར་དང་གྲོང་གསེབ་འཕེལ་རྒྱས་དོ་མི་སྙོམས་པ་དང་གྲོང་གསེབ་འཕེལ་རྒྱས་གང་ལེགས་མ་བྱུང་བ་ནི་སྔར་བཞིན་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོའི་མཚོན་ཚུལ་གལ་ཆེན་ཞིག་རེད། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་གྱི་སྤྱིའི་དམིགས་ཚད་ལ་དམིགས་པར་ངེས་པར་དུ་གཡོ་འགུལ་མི་གཏོང་བར་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་གནད་སྨིན་ཤུགས་འདོན་བྱས་ཏེ་གྲོང་གསེབ་ཀྱི་ཐོན་ལས་འཕེལ་རྒྱས་ཀྱི་ཆུ་ཚད་དང་། གྲོང་གསེབ་འཛུགས་སྐྲུན་གྱི་ཆུ་ཚད། གྲོང་གསེབ་བཅོས་སྐྱོང་གི་ཆུ་ཚད་བཅས་མཐོ་རུ་གཏོང་དགོས། ད་ལོ་ནི་རྒྱུན་རྣམ་ཅན་གྱི་རོགས་སྐྱོར་གྱི་ལོ་དང་པོ་ཡིན་པས། རྒྱུན་རྣམ་ཅན་གྱི་རོགས་སྐྱོར་དེ་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ནང་བཞག་ནས་སྤྱི་འདོམས་ལག་བསྟར་བྱས་ཏེ། ནུས་ལྡན་དང་ཕན་ཆེའི་གསར་སྤེལ་བྱེད་ཐབས་ནས་ནང་སྐྱེས་འཕེལ་རྒྱས་ཀྱི་སྒུལ་ཤུགས་འཕེལ་བར་རོགས་རམ་དང་སྤྱི་ཚོགས་རོགས་སྐྱོབ་ཀྱི་ཐ་སྐྱོང་གི་འགན་ལེན་ནུས་པ་བཏོན་ནས་གཞི་ཁྱོན་ཆེ་བའི་དབུལ་ལོག་དང་དབུལ་ཕོངས་ཀྱི་གནད་དོན་མི་ཐོན་པར་བྱེད་དགོས། 

    “ལོ་ལྔ་ཚན་བཅོ་ལྔ་པའི”འཐབ་ཇུས་འཆར་འགོད་ནས་བལྟས་ན། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་པའི“འགག་རྩའི་དུས་སྐབས”སུ་སླེབས་པས། “ཞིང་གསུམ”ནི“རྨང་གཞི་བརྟན་དུ་གཏོང་བའི”ཐད་ཀྱི་ཆད་སྐྱོན་དང་ཞན་ཆ་སེལ་བའི་བྱེད་ཐབས་ཤིག་ཡིན་ལ། “ཕྱོགས་ཡོངས་ནས་ཤུགས་འདོན་པའི”ཐད་མཁོ་བའི་འགག་སྒྲོལ་གྱི་གཙོ་གནད་དང་དཀའ་གནད་ཅིག་ཀྱང་རེད། “ཞིང་གསུམ”གྱི་འཕེལ་རྒྱས་རྨང་གཞི་སྔར་བས་བརྟན་དུ་གཏོང་བར་གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་མཐའ་འཁྱོངས་བྱ་རྒྱུ་ནི་ལྡོག་མེད་ཀྱི་བླང་བྱ་ཞིག་རེད། རྫོང་ཁོངས་ཀྱི་དམངས་ཕྱུག་ཐོན་ལས་སྐྱེད་སྲིང་དང་རྒྱ་སྟོབས་ཆེ་རུ་གཏོང་བ་ནས་རྫོང་ཁོངས་ཀྱི་གཞི་རྩའི་སྤྱི་པའི་ཞབས་ཞུའི་མཁོ་སྤྲོད་ལ་སྤྱི་འདོམས་བྱེད་པར་ཤུགས་སྣོན་རྒྱག་པའི་བར་དང་། དེ་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྒྱུ་རྐྱེན་ཕྱོགས་གཉིས་སུ་འཁོར་སྐྱོད་ལ་སྐུལ་འདེད་གཏོང་བའི་བ་སོགས་ལས་རིགས་དར་རྒྱས་དང་། རྫོང་སྟོབས་ཆེན། དམངས་ཕྱུག་བཅས་གཞི་གཅིག་ཏུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་དང་ཁུལ་ཁོངས་མཉམ་འགུལ་ལ་སྐུལ་འདེད་བཏང་ཚེ། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ཀྱིས་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་སྣེ་ཁྲིད་བྱེད་ཐུབ།

    གཏན་ལ་འཁེལ་ཚེ་དོན་འཁྱོལ་བྱེད་དགོས་པ་དང་། དོན་འཁྱོལ་ལ་དམ་འཛིན་བྱེད་པར་གལ་ཆེ་ཤོས་ནི་དམ་པ་དོན་གཉེར་བྱ་རྒྱུ་དེ་རེད། བསམ་བློ་དང་བྱ་སྤྱོད“ཞིང་གསུམ”ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ཐོག་གཅིག་གྱུར་བྱས་ཏེ། “ཞིང་གསུམ”ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཕྱོགས་ཡོངས་དང་། གཏིང་ཟབ། གནད་འཁེལ་བཅས་ཀྱི་སྒོ་ནས་གོ་བ་ལོན་པ་དང་ཁོང་དུ་ཆུད་པར་བྱས་ཏེ། ལས་ཀའི་འཇོན་ཐང་དང་སྲིད་ཇུས་ཀྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས། ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་ཏེ་མི་དམངས་ཀྱི་ཆེད་དུ་སྲིད་དོན་ལས་རྗེས་འཇོག་པ་དང་དངོས་སྒྲུབ་ལ་བརྟེན་ནས་སྲིད་དོན་ལས་རྗེས་འཇོག་རྒྱུ་མཐའ་འཁྱོངས་བྱས་ཏེ། རང་རྟོགས་ངང་ཆོས་ཉིད་ལྟར་བྱ་བ་བསྒྲུབ་པ་དང་། དོན་དངོས་དང་ཟུང་འབྲེལ་དང་ཡུལ་བབ་དང་བསྟུན་པ། གསར་གཏོད་རང་བཞིན་གྱི་སྒོ་ནས་སྲིད་ཇུས་དོན་འཁྱོལ་དང་ལས་ཀར་སྐུལ་འདེད་གཏོང་རྒྱུར་དམ་འཛིན་བཅས་བྱས་ནས། སྤྱོད་ཚུལ་བཟང་པོར་བརྟེན་ནས་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།