ཉིང་ཁྲི་གྲོང་ཁྱེར་པད་མ་སྒང་ཁྲོམ་གཞུང་ཉི་ཁྲི་སྡེ་ཁུལ་གྱི་དྲ་མིག་གི“དགེ་སློབ་ཚན་སྡེབ”
སྲུང་སྐྱོང་ལ་བར་ཐག་མེད་པ་དང་ཞབས་ཞུར་དབྱེ་བ་མེད་པ།
“ཨ་ཅག ཉེ་དུས་ས་འོག་ཆུ་འགྲོ་ད་དུང་འགག་གི་འདུག་གམ། གློག་སྤྱོད་སྐབས་ཡིན་གཅིག་གཟབ་གཟབ་གྱིས་ཨང”ཉིང་ཁྲི་གྲོང་ཁྱེར་པད་མ་སྒང་ཁྲོམ་གཞུང་ཉི་ཁྲི་སྡེ་ཁུལ་གྱི་ཀོང་པོའི་དམངས་སྲོལ་ཁྲོམ་གཞུང་དུ་སྡེ་ཁུལ་གྱི་ལས་དོན་པ་རྒན་གྲས་ཆོས་སྒྲོན་གྱིས་སྡེ་ཁུལ་གྱི་ལས་དོན་པ་གསར་པ་ཚེ་རིང་བསོད་ནམས་འཁྲིད་དེ་ཁྲོམ་གཞུང་དང་སྲང་ལམ་གྱི་ཐོག་བརྩེགས་ཁང་པའི་བར་ཕར་འགྲོ་ཚུར་འོང་གིས་གྲོང་མི་དང་ཅི་འཕྲོས་མོལ་འཕྲོས་བྱེད་པ་དང་ཁོང་ཚོའི་རེ་ཞུ་ངེས་པ་སོགས་བྱེད་ཀྱི་ཡོད། ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བའི་གྲོང་མི་སྡོད་སའི་ཁྲོམ་གཞུང་དེར་དེ་སྔ་ཆེད་ལས་སྡེ་ལས་མེད་པའི་རྐྱེན་གྱིས་གད་སྙིགས་གང་བྱུང་དུ་སྤུངས་པ་དང་། ཆུ་འགྲོ་འགག་པ། བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ལྡན་པ་སོགས་ཀྱི་གནད་དོན་མང་པོ་ཡོད་པ་དང་ད་ཆ“སྡེ་ཁུལ་གྱི་ལས་དོན་པ་རྒན་གྲས”ཀྱི་རྒྱུད་རོགས་འཁྲིད་གསུམ་འོག་གསོན་ཤུགས་གསར་པ་མངོན་བཞིན་ཡོད་པ་རེད།
སྡེ་ཁུལ་གྱི་ལས་དོན་པ་གསར་པས་མགྱོགས་མྱུར་ལས་ཀ་བྱང་ཆུབ་པར་བྱ་ཆེད། སྡེ་ཁུལ་གྱིས“རྒན་པས་གསར་པ་ཁྲིད་པའི”ལམ་སྲོལ་གསར་གཏོད་དང་ཁྱབ་གདལ་བཏང་བ་དང་། ཉམས་མྱོང་ཕུན་སུམ་ཚོགས་པའི་སྡེ་ཁུལ་གྱི་ལས་དོན་པ་རྒན་གྲས“དངོས་འཐབ་ཀྱི་སློབ་དཔོན”དུ་བྱས་ཏེ། “འགྲོ་གིན་སློབ་པ་དང་། ལས་ཀ་བྱེད་ཀྱིན་སྦྱོང་བའི”སློབ་སྦྱོང་བྱེད་ཐབས་ལ་བརྟེན་ནས། “མི་ངོ་ཤེས་པ་དང་། ས་རྒྱུས་མངའ་ལོན་པ། གནས་ཚུལ་ཤེས་རྟོགས་ཐུབ་པ”བཅས་ཀྱི་ནུས་རྩལ་ལྡན་པར་བྱས་པ་རེད།
ཆོས་སྒྲོན་དང་མཉམ་དུ་བཅར་འདྲིར་སྐྱོད་རིང་། ཚེ་རིང་བསོད་ནམས་ཀྱིས་དྲ་མིག་གི“གནས་ཚུལ་ཞིབ་ཕྲ”རིམ་གྱིས་ཤེས་རྟོགས་ཐུབ་པ་དང་། སྡོད་ཁང་གང་ཞིག་ནི་ཡུན་རིང་ཁང་པ་བོགས་མར་བླངས་ནས་སྡོད་པའི་ཕྱི་ནས་ཡོང་བའི་གླ་པ་རྒྱུག་མཁན་ཡིན་པ་དང་། ཁྱིམ་ཚང་གང་ཞིག་གི་རྒན་རྒོན་གྱི་འགྲོ་སྐྱོད་སྟབས་མི་བདེ་བས་གཙོ་གནད་ཐོག་ལྟ་རྟོག་བྱེད་དགོས་པ། ཐོག་ཁང་རྙིང་པ་སྟར་པ་གང་ཞིག་ཏུ་གློག་སྐུད་ལ་སྐྱོན་ཤོར་བདེ་བ་བཅས་གསལ་པོ་ངེས་ཀྱི་ཡོད་ལ། ཁོང་གིས་སྒོ་རྩར་འབྲེལ་མཐུད་བྱེད་པ་དང་། རེ་ཞུ་བསྡུ་ལེན་བྱེད་པ། ལས་དོན་ལ་མཐུན་སྦྱོར་བྱེད་པ་སོགས་ལས་ཀ་གང་ཞིག་ཡིན་རུང་རང་ཉིད་སོ་སོས་ཐག་གཅོད་ཐུབ་ཀྱི་ཡོད།
གད་སྙིགས་གང་བྱུང་དུ་སྤུངས་པ་ནི་དེ་སྔ་དྲ་མིག་གི་ཐག་གཅོད་བྱེད་ཁག་ཤོས་ཀྱི་གནད་དོན་ཞིག་རེད། དཀའ་གནད་དེ་ཐག་གཅོད་བྱ་ཆེད། སྡེ་ཁུལ་གྱི་ལས་དོན་པ་རྒན་གྲས་ཀྱིས་ལས་དོན་པ་གསར་པ་འཁྲིད་དེ“དྲ་མིག་བཅོས་སྒྲིག་གི་ཡན་ལག་རུ་ཁག”བཙུགས་ནས“ཁ་ཏ་བསླབ་བྱ་བྱེད་པ་དང་། གཙང་མ་བཟོ་བ། དྲིལ་བསྒྲགས་བྱེད་པ”བཅས་གོམ་སྟབས་གསུམ་གྱི་ལས་ཀ་བྱེད་ཐབས་འཚོལ་ཞིབ་བྱས་ཡོད། “ཨ་ཁུ་ལགས། གད་སྙིགས་དེ་དག་བར་ཁྱམས་སུ་སྤུངས་ཚེ་འགྲོ་སྐྱོད་བྱེད་དཀའ་ལ་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཡང་ཐོན་སྲིད་པས། ང་ཚོ་མཉམ་དུ་དམིགས་འཛུགས་བྱས་པའི་ས་ཆར་སྤོས་ཆོག”ཅེས་སྡེ་ཁུལ་གྱི་ལས་དོན་པ་རྒན་གྲས་ཀྱིས་ངང་རྒྱུད་རིང་པོས་གྲོང་མིར་ཁ་ཏ་བསླབ་བྱ་བྱས་པ་དང་སྡེ་ཁུལ་གྱི་ལས་དོན་པ་གསར་པས་ལམ་སེང་རང་འགུལ་ངང་འབྲེལ་གཏུག་མཐུན་སྦྱོར་བྱས་པ་སོགས་མཉམ་འབྲེལ་གྱི་གཙང་བཟོའི་བྱ་སྤྱོད་རེ་རེ་བཞིན་སྤེལ་བ་ལས་དེ་སྔའི་ཟང་ཟིང་གི་ཁྲོམ་གཞུང་དང་སྲང་ལམ་གཙང་ལ་གྲལ་འགྲིག་པོར་གྱུར་ཡོད།
གྲོང་མིས་བསམ་འཆར་མང་པོ་བཏོན་པའི་ས་འོག་གི་ཆུ་འགྲོ་འགག་པའི་གནད་དོན་དེ་སྡེ་ཁུལ་གྱི་ལས་དོན་པ་གསར་རྙིང་གི་མཐུན་སྦྱོར་འོག་ལས་སླ་པོར་ཐག་གཅོད་ཐུབ་ཡོད། “སྔོན་ལ་ཆུ་སོགས་འགག་ས་གྲལ་བཤེར་དང་དེ་ནས་ཆེད་ལས་མི་སྣ་མཐུན་སྦྱོར་བྱས་ཏེ་མཐར་གྲོང་མིར་ཐུན་མོང་ཐོག་བཅོས་སྒྲིག་བྱ་རྒྱུའི་སྐུལ་སློང་བྱས་ཡོད”སྡེ་ཁུལ་གྱི་ལས་དོན་པ་རྒན་གྲས་ཀྱིས་བསླབ་པའི་ཉམས་མྱོང་འོག་ལས་དོན་པ་གསར་པ་མི་ཉུང་བ་ཞིག་ལས་དོན་སྒྲུབ་བདེ་པོ་བྱུང་ཡོད། ཁོང་ཚོས་དུད་ཚང་རེ་རེ་བཞིན་བསམ་འཆར་བསྡུ་ལེན་བྱས་ཏེ་གྲོང་མི་མཉམ་བཅོས་ཚོགས་ཆུང་བཙུགས་ནས་མཉམ་དུ་འགྲོ་གྲོན་བཏང་བས་ས་འོག་གི་ཆུ་འགྲོ་ཡུན་རིང་འགག་པའི་གནད་དོན་ཁག་3རེ་རེ་བཞིན་ཐག་གཅོད་ཐུབ་ཡོད།
ཐོག་ཁང་རྙིང་པའི་མེ་ཟོན་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ལ་དམིགས་ནས། སྡེ་ཁུལ་གྱི་ལས་དོན་པ་གསར་རྙིང་ཕན་ཚུན་གཞོགས་འདེགས་ཀྱིས“གཙོ་གནད་གྲལ་བཤེར་དང་ཆེད་ལས་མཉམ་འགུལ་ཟུང་འབྲེལ”གྱི་བྱེད་ཐབས་སྤྱད་དེ། ཐོག་ཁང་སྟར་པ་10ལྷག་ཙམ་གྱི་མེ་ཟོན་སྒྲིག་བཀོད་དང་། ཁ་འགྲེམས་བགྲོད་ལམ། གློག་དང་སོལ་རླངས་སྤྱོད་པ་བཅས་ཀྱི་བདེ་འཇགས་ལ་ཕྱོགས་ཡོངས་ནས་གྲལ་བཤེར་བྱས་ནས་མངོན་མེད་རྐྱེན་ངན་གྱི་གསལ་ཐོ་བཟོས་ཡོད། མེ་ཟོན་དང་གློག་ཤུགས་སོགས་སྡེ་ཚན་དང་མཉམ་འགུལ་གྱིས་ཆེད་དོན་བཅོས་སྒྲིག་བྱས་ཏེ་དུས་ཚོད་ཡོལ་བའི་མེ་ཟོན་ཡོ་བྱད་བརྗེ་བ་དང་། བར་ཁྱམས་ཀྱི་གད་སྙིགས་གཙང་མ་བཟོ་བ། གང་བྱུང་དུ་འཐེན་མཐུད་བྱས་པའི་གློག་ལམ་བཅོས་སྒྲིག་བཅས་བྱས་པ་མ་ཟད། གྲོང་མིའི་སྐད་འཕྲིན་ཚོགས་པ་བརྒྱུད་དུས་ཐོག་ཏུ་གནས་ཚུལ་བཅོས་སྒྲིག་དང་བདེ་འཇགས་ཤེས་བྱ་ཁྱབ་གདལ་བཏང་སྟེ་སྡེ་ཁུལ་གྱི་བདེ་འཇགས་འགོག་སྲུང་བརྟན་པོ་བཙུགས་ཡོད།
ད་ཆའི་ཀོང་པོའི་དམངས་སྲོལ་ཁྲོམ་གཞུང་གི་དྲ་མིག་གི་ཁོར་ཡུག་རྒྱུན་མཐུད་ངང་ལེགས་སུ་ཕྱིན་པ་དང་། དམངས་འཚོའི་དཀའ་གནད་ཐག་གཅོད་ནུས་ལྡན་བྱུང་བ། ཁྱིམ་མཚེས་དབར་གྱི་འབྲེལ་བ་སྔར་བས་འཆམ་མཐུན་བྱུང་ཡོད། སྡེ་ཁུལ་གྱི་ལས་དོན་པ་གསར་རྙིང་གིས་མཉམ་དུ་སྡེ་ཁུལ་གྱི་གང་སར་སྐྱོད་པ་དང་ལྷག་བསམ་རྣམ་དག་ངང་མང་ཚོགས་ཀྱི་རེ་བ་ཚང་མ་སྒྲུབ་ཀྱི་ཡོད། སྐྱིད་ཉམས་ལྡན་པའི་ཁྲོམ་གཞུང་དང་སྲང་ལམ་དེའི་ནང“གཅིག་རྒྱུན་གཅིག་འཛིན”བྱེད་པ་ནི་ཏན་ཏིག་གི་ལས་ཀའི་ཉམས་མྱོང་དང་དངོས་སྒྲུབ་ཀྱི་བྱེད་ཐབས་ཤིག་ཡིན་པ་མ་ཟད། གཞི་རིམ་དུ་གཞི་ཚུགས་པ་དང་དམངས་ལ་ཞབས་འདེགས་ཞུ་བའི་འགན་འཁྲི་དང་ཐོག་མའི་བསམ་འདུན་དེ་བས་ཀྱང་ཡིན་པས“བར་ཐག་མེད་པའི”ཞབས་ཞུ་ལས་གྲོང་མི་ཚང་མའི་སེམས་དྲོ་སོབ་སོབ་ཏུ་གྱུར་ཡོད།
འབྲེལ་ཡོད་གསར་འགྱུར།