རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས།
གཅེས་སེམས་ཨ་མའི་དགའ་གཅེས་ཀྱི་ཆ་སྒྲིག་བྱ་སྤྱོད་སྤེལ་བ།
གསར་འགོད་པར་རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ནས་ཤེས་རྟོགས་བྱུང་བར། ཉེ་ཆར་རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ལྷོ་ཁ་གྲོང་ཁྱེར་དུ“གཅེས་སེམས་ཟབ་མོ་བཅངས། འཚར་ལོངས་ཡོང་བར་གཞོགས་འདེགས་བྱེད”ཅེས་པའི་2026ལོའི་དགུན་གསེང་རིང་བོད་ཀྱི་བྱིས་པའི་གཅེས་སེམས་ཞབས་ཞུ་དང་གཅེས་སེམས་ཨ་མའི་དགའ་གཅེས་ཀྱི་ཆ་སྒྲིག་བྱ་སྤྱོད་སྤེལ་ནས་བྱིས་པར་སྒོར་ཁྲི་15རི་བའི་གཅེས་སེམས་མཚོན་པའི་དཔེ་ཁུག་དང་། རིས་དེབ་རྩེ་གྲ “བརྩེ་སེམས་འགྱུར་མེད་ཀྱི་བྱ་སྤྱོད”ཀྱི་གཅེས་སེམས་མཚོན་པའི་སྦ་ལན་སྤྲད་ཡོད།
འགོ་ཚུགས་མཛད་སྒོའི་ཐོག“གཅེས་སེམས་ཨ་མའི”འཐུས་མི་དང་ཕྲུ་གུ་ཚོ་ཆ་སྒྲིག་བྱས་ཏེ་ཕྲུ་གུ་ཚོར་གཅེས་སེམས་མཚོན་པའི་སྦ་ལན་་གཡོགས་པ་མ་ཟད། དཔེ་དེབ་མཉམ་དུ་ལྟ་བའི་བྱེད་སྒོ་ཡང་སྤེལ་བ་རེད། རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ས་གནས་ས་ཐོག་ཏུ་བྱིས་པ་150ལ་བྱིས་པའི་གཅེས་སེམས་དཔེ་ཁུག་སྤྲད་པ་དང་། དཔེ་ཁུག་ནང་ཡིག་ཆས་དང་དྲོད་སྲུང་ཅ་ལག་བླུགས་ཡོད་པ་རེད།
འགོ་ཚུགས་མཛད་སྒོ་ཚར་རྗེས། ཆེད་ལས་དགེ་རྒན་གྱིས་མཉམ་འགུལ་བྱས་ཏེ《ང་རང་མེ་འཕྱུར་ཁྱུང་འབྲུག་ལ་གྱུར་སོང》དང《སྐྲག་མི་དགོས། ཞེད་སྣང་ཚ་པོ་དེ་འདྲ་མེད》ཅེས་པ་སོགས་རིས་དེབ་རྩེ་གྲ་ལྟ་ཀློག་བྱས་པ་དང་། གསོན་ཉམས་དོད་ཅིང་སྤྲོ་སྣང་འཕེལ་བའི་ལག་ཤེས་ཐོན་རྫས་དང་ཟུང་འབྲེལ་བྱས་ཏེ། བྱིས་པ་ཚོར་བག་ཕེབས་དང་སྤྲོ་སྣང་ལྡན་པའི་རྣམ་པའི་ཁྲོད་ནས་སེམས་ཁམས་ལ་ངོས་འཛིན་དང་སེམས་ཁམས་ལ་སྟངས་འཛིན་བྱེད་སྟངས་ཤེས་པར་བྱས་པ་དང་ཆབས་ཅིག་མཉམ་འགུལ་ཉམས་ལེན་ཁྲོད་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སྦྱོང་སྤྱོད་བྱེད་ཤུགས་ཆེ་རུ་བཏང་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ད་དུང་སྣ་དཀར་རྩེ་རྫོང་སྟག་ལུང་གྲོང་རྡལ་དང་། ལྷོ་བྲག་རྫོང་ལྷ་ཁང་གྲོང་རྡལ། མཚོ་སྨད་རྫོང་གྲི་གུ་གྲོང་རྡལ་སོགས་སུ་དགུན་གསེང་རིང་བྱིས་པར་གཅེས་སྐྱོང་དང་ཁྱིམ་ཚང་སློབ་གསོའི་སྐོར་སྐྱོད་འཆད་ཁྲིད་བྱེད་སྒོ་སྤེལ་བ་དེ་རྫོང་3གྱི་བྱིས་པ་དང་ཁྱིམ་བདག་500ལྷག་ཙམ་ལ་ཁྱབ་ཡོད་པ་མ་ཟད། དཀའ་ངལ་ཡོད་པའི་བྱིས་པ་8དང“སྐྲན་ནད་གཉིས”ཀྱི་རྐྱེན་པས་དཀའ་ངལ་གནས་སུ་ལྷུངས་པའི་བུད་མེད་1ལ་དུད་ཚང་དུ་བཅར་འདྲི་བྱེད་པར་བསྐྱོད་དེ། ཁོང་ཚོ་དང་སྙིང་གཏམ་ཤོད་རེས་བྱས་པ་དང་འཚམས་འདྲིའི་དངོས་ཟོག་སྤྲད་པ་དང་དཔྱིད་གསར་དུས་ཆེན་གྱི་སྨོན་འདུན་ཞུས་ནས་ཏང་དང་སྲིད་གཞུང་གི་ཐུགས་ཁུར་མི་སེམས་སུ་གཏིང་ཟབ་ཟུག་པར་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།