དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • གཞུང་ལམ་སྟེང་དུ་རླངས་འཁོར་དུང་སྒྲ་བསྒྲགས། རྟ་དྲེལ་ལམ་ཕྲན་མིང་གི་ལྷག་མར་གྱུར།

    —— ཞིང་ཆེན་ལམ་521རྫ་ཆུའི་རྒྱུད་ཀྱི་གཞུང་ལམ་རོང་སྨད་ནས་ཆུ་ཚན་ཁ་དུམ་བུའི་ལས་གྲྭའི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-02-05

    འདི་ནི་སྐྲུན་བཞིན་པའི་ཞིང་ཆེན་ལམ་521རྫ་ཆུའི་རྒྱུད་ཀྱི་གཞུང་ལམ་གྱི་རོང་སྨད་ནས་ཆུ་ཚན་ཁ་བར་གྱི་དུམ་བུའི་གསར་སྐྲུན་རྒྱས་སྐྲུན་གྱི་ཚོད་འཛིན་རང་བཞིན་གྱི་ལས་གྲྭ་ཡིན་པ།

    རྫ་ཆུ་སྐྲུན་བཞིན་པའི་གཞུང་ལམ་རྒྱུད་དུ་རྒྱུག་པས་གཡུ་འབྲུག་འཁྱུག་པ་དང་གཉིས་སུ་མ་མཆིས། འདི་ནི་ཞིང་ཆེན་ལམ་521རྫ་ཆུའི་རྒྱུད་ཀྱི་གཞུང་ལམ་རོང་སྨད་ནས་ཆུ་ཚན་ཁ་དུམ་བུའི་གསར་སྐྲུན་རྒྱས་སྐྲུན་གྱི་ཚོད་འཛིན་རང་བཞིན་གྱི་ལས་གྲྭ་ཞིག་རེད།

    གཞུང་ལམ་བསྐྲུན་རྗེས་ལོ་ངོ་སྟོང་ཕྲག་ནང་རྟ་དྲེལ་ལས་སྐྱོད་མི་ཐུབ་པའི་རི་ཁུལ་དེར་རླངས་འཁོར་ཤར་གཏོང་ཐུབ་རྒྱུ་ཡིན་པ་རེད།

    མང་ཚོགས་སུམ་སྟོང་ལྷག་ཙམ་འགྲུལ་བཞུད་སྟབས་བདེ་ཡོང་ཆེད།

    “ཟླ་1ཚེས་12ཉིན། ཞིང་ཆེན་ལམ་521རྫ་ཆུའི་རྒྱུད་ཀྱི་གཞུང་ལམ་རོང་སྨད་ནས་ཆུ་ཚན་ཁ་དུམ་བུའི་གསར་སྐྲུན་རྒྱས་སྐྲུན་གྱི་ཚོད་འཛིན་རང་བཞིན་གྱི་ལས་གྲྭའི་རྫ་པ་ལའི་ཕུག་ལམ་ཏལ་འབིགས་ཐུབ་མ་ཐག་རེད”ཅེས་གསར་འགོད་པ་འཕྲད་སྐབས་ཞིང་ཆེན་ལམ་521རྣམ་གྲངས་བཀོད་འདོམས་པུའུ་ལས་གྲྭ་པུའི་པུའུ་ཀྲང་དབྱང་ཤིའུ་ཀང་གིས་བཤད།

    ཁོང་གིས་ངོ་སྤྲོད་བྱས་པར་གཞིགས་ན། ལས་གྲྭ་དེར་ཁྱོན་མ་དངུལ་སྒོར་དུང་ཕྱུར་21.6བཏང་བ་དང་། རོང་སྨད་གྲོང་རྡལ་བྱང་རྒྱུད་ཀྱི་རོང་ཆུ་ལུང་ཤུར་ནས་རྫ་ཆུ་རྒྱུད་སྨར་ཁམས་རྫོང་མཆོད་རྟེན་ཤང་མཆོད་རྟེན་གྲོང་ཚོ་ཀ་ལ་ཚོགས་ཆུང་བར་ལམ་ཐིག་ཧྲིལ་པོར་སྤྱི་ལེ་40.72ཟིན་པའི་ནང་ཕུག་ལམ་4ཚུད་པའི་གསར་སྐྲུན་ལམ་ཐིག་སྤྱི་ལེ་37.5ཡོད་པས་ཨར་སྐྲུན་གྱི་དཀའ་ཚད་ཆེན་པོ་ཡོད་པ་རེད། གཞུང་ལམ་དེ་2029ལོའི་ལོ་མཇུག་ཏུ་སྐྲུན་མཇུག་འགྲིལ་ནས་མཆོད་རྟེན་ཤང་གི་མང་ཚོགས་3000ལྷག་ཙམ་གྱི་འགྲུལ་བཞུད་ཆ་རྐྱེན་ལེགས་སུ་ཤུགས་ཆེན་ཕྱིན་ཏེ། སླད་ཕྱིན་ཤང་ནས་སྨར་ཁམས་རྫོང་གྲོང་དུ་སྐྱོད་སྐབས་ཀྱག་ཀྱོག་དང་ཉེན་ཁ་ཆེ་བའི་རྫ་པ་ལ་བརྒྱུད་དགོས་མེད་པས་དུས་ཚོད་ཆུ་ཚོད་1ཡན་གྲོན་ཆུང་ཐུབ་ཀྱི་ཡོད་པ་རེད།

    གཞུང་ལམ་ཤར་གཏོང་མི་ཐུབ་པའི་ལོ་རྒྱུས་མཇུག་འགྲིལ་བ།

    རྫ་པ་ལའི་ལྗོངས་གཟིགས་སྒང་ནས་གྲོང་ཚོའི་ལམ་བུ་བརྒྱུད་རྐང་ཐང་མར་ཆུ་ཚོད་ཕྱེད་ཀ་ཙམ་སོང་རྗེས་གསར་འགོད་པ་དང་བཅས་པ་ལུང་ཤུར་དུ་གནས་པའི་མཆོད་རྟེན་ཤང་སྲིད་གཞུང་དུ་འབྱོར།

    དུས་ཡུན་རིང་པོའི་ནང་མཆོད་རྟེན་ཤང་ནི“གུ་དོག་པའི་སྲང་ལམ”དང་འདྲ་བར། གསར་འགོད་པ་སྐྱོད་སའི་གཞུང་ལམ་དེ་གྲོང་གསེབ་ཏུ་སྐྱོད་པའི་གཞུང་ལམ་འབའ་ཞིག་དེ་ཡིན་པ་རེད། ཤང་སྲིད་གཞུང་གནས་སའི་མཆོད་རྟེན་གྲོང་ཚོར་འབྱོར་རྗེས་ས་ཆ་གཞན་དུ་སྐྱོད་ས་མེད། ཤང་སྲིད་གཞུང་ནས་འབྱོར་པ་དང་ཀ་ལ་ཚོགས་ཆུང་དབར་བར་ཐག་སྤྱི་ལེ་43དང་56ཆོད་པས་རྫ་ཆུའི་གྲོག་རོང་བརྒྱུད་ཉུང་མཐར་ཡང་ཉིན་གཉིས་ཙམ་སྐྱོད་དགོས་ཀྱི་ཡོད།

    ན་ནིང་ཟླ་ལྔ་པར་ཤང་ཏང་ཨུད་ཀྱི་ཧྲུའུ་ཅིའི་འགན་འཁུར་མ་ཐག་པའི་ཧོ་ཀྲི་ཀང་གིས། འབྱོར་པ་ཚོགས་ཆུང་དུ་བརྟག་ཞིབ་བྱེད་པར་སྐྱོད་མྱོང་ཡོད། སྐབས་དེ་དུས་གཞུང་ལམ“ལས་སྟེགས་དང་པོའི”ཉེ་འགྲམ་བར་ལས་བསྐྲུན་མེད་པས་རྐང་ཐང་མར་ཉིན་ཕྱེད་སྐྱོད་དགོས་བྱུང་བ་ད་ལྟའང་གསལ་པོར་ངེས་ཀྱི་ཡོད།

    “ལམ་དེ་ལྟ་བུར་སྐྱོད་སྐབས་ངས་གཞི་ནས་མི་སེར་ཚོ་འགྲུལ་བཞུད་སྟབས་བདེ་མེད་པ་ཚོར་བྱུང”ཞེས་ཧོ་ཀྲི་ཀང་གིས་མྱོང་ཚོར་ཟབ་མོས་བཤད།

    ད་ཆ་འབྱོར་པ་དང་ཀ་ལ་ཚོགས་ཆུང་གཉིས་ཀར་རླངས་འཁོར་ཤར་གཏོང་ཐུབ་རེ་ཡོད་མོད། འོན་ཀྱང་ཤང་སྲིད་གཞུང་གིས་གསར་སྐྲུན་བྱེད་འགོ་ཚུགས་པའི་གཞུང་ལམ་ཡང་རྫ་ཆུའི་ངོགས་བར་བསྐྲུན་ཟིན་པས་ཞིང་ཆེན་ལམ་521དང་སྦྲེལ་ཏེ། ཕྱིར་སྐྱོད་བགྲོད་ལམ་གསར་པ་ཞིག་བྱུང་ནས་མཆོད་རྟེན་ཤང་དུ་གཞུང་ལམ་ཤར་གཏོང་མི་ཐུབ་པའི་ལོ་རྒྱུས་མཇུག་འགྲིལ་བ་རེད།

    “རྟ་དྲེལ་བཙོངས་ནས་རླངས་འཁོར་གསར་པ་ཉོས་པ”

    མཆོད་རྟེན་གྲོང་ཚོའི་ཏང་ཀྲི་པུའི་དེ་སྔའི་ཧྲུའུ་ཅི་བཀྲ་ཤིས་རྣམ་རྒྱལ་གྱིས་རྒན་ཡོལ་མ་ཞུས་གོང་། ལོ་ལྟར་འབྱོར་པ་དང་ཀ་ལ་ཚོགས་ཆུང་གཉིས་སུ་ཐེངས་མང་སྐྱོད་དགོས་པས་ཁོང་ལམ་དེར་རྒྱུས་མངའ་ཆེ་ཤོས་ཡོད།

    “དེ་གའི་མི་སེར་ཚོ་དངོས་འབྲེལ་དཀའ་ལས་ཁག་པོ་རེད། ཨར་སྐྲུན་རྒྱུ་ཆ་དང་ཁྱིམ་སྤྱོད་གློག་ཆས་ཚུད་པའི་ཁྱིམ་གྱི་འཚོ་བའི་མཁོ་ཆས་ཚང་མ་དང་ཐ་ན་ཕོར་པ་དང་ཚྭ་འགྱིག་ཤོག་གང་ཡང་རྟ་དྲེལ་ལ་བརྟེན་ནས་དབོར་དགོས་ཀྱི་ཡོད། དེར་བརྟེན་ཁྱིམ་ཚང་ཚང་མས་རྟ་དྲེལ་ཁ་ཤས་ཉར་ཡོད། དེ་ནི་ཁོང་ཚོའི་འགྲིམ་འགྲུལ་ཡོ་བྱད་ཡག་ཤོས་ཤིག་རེད”ཅེས་བཀྲ་ཤིས་རྣམ་རྒྱལ་གྱིས་བཤད།

    2019ལོར་སྨར་ཁམས་རྫོང་གིས་འབྱོར་པ་དང་ཀ་ལ་ཚོགས་ཆུང་གི་དུད་ཚང་43གྱི་མང་ཚོགས་305གནས་སྤོས་དབུལ་སྐྱོར་གྱིས་རྫོང་གྲོང་དུ་སྤོས་པས་ཁོང་ཚོའི་འཚོ་བའི་ཆ་རྐྱེན་ལེགས་སུ་ཕྱིན་ཡོད་པ་རེད།

    འོན་ཀྱང་མང་ཚོགས་ཁག་གཅིག་སྒོ་ཕྱུགས་ལ་ལྟོ་སྟེར་དགོས་སྟབས་གྲོང་ཚོར་ལོག་ནས་འཚོ་བ་སྐྱེལ་གྱི་ཡོད། དེས་ས་གནས་དེ་གའི་སྲིད་གཞུང་གིས་ཞིང་ཆེན་ལམ་521རྫ་ཆུའི་རྒྱུད་ཀྱི་གཞུང་ལམ་སྐྲུན་པའི་གོ་སྐབས་ལ་བརྟེན་ནས་སྦྲེལ་ལམ་བསྐྲུན་ཏེ་ཚོགས་ཆུང་དེ་གཉིས་སུ་རླངས་འཁོར་ཤར་གཏོང་མི་ཐུབ་པའི་དཀའ་གནད་རྦད་དེ་སེལ་རྒྱུའི་བློ་ཐག་བཅད། “ལས་སྟེགས་དང་པོ”ནི་རྫ་ཆུའི་རྒྱུད་ཀྱི་ཐང་ཞིང་ཞིག་ཡིན་པ་དང་མཆོད་རྟེན་ཤང་སྲིད་གཞུང་དང་བར་ཐག་སྤྱི་ལེ་20ཆོད་པས། དེ་ནི་ས་གནས་དེ་གའི་མང་ཚོགས་ཚོས་ཕྱུགས་འཚོ་སྐབས་ཀྱི་ངལ་གསོ་ཡུལ་གལ་ཆེན་ཞིག་རེད།

    གཞུང་ལམ་བསྐྲུན་རྗེས་ཀྱི་འཆར་གཞིའི་སྐོར་ཤོད་སྐབས་ཕུན་ཚོགས་རབ་རྒྱས་ཀྱིས་ཐེ་ཚོམ་སྤུ་ཙམ་ཡང་མེད་པར“རྟ་དྲེལ་བཙོངས་ནས་རླངས་འཁོར་གསར་པ་ཉོ་རྒྱུ་ཡིན”ཞེས་བཤད།

    ཚང་མའི་ངོ་གདོང་ནས་འཛུམ་མདངས་འཕྱུར་བ་དང་མིག་ཟུང་ནས་འབྱུང་འགྱུར་ལ་བཅངས་པའི་རེ་བ་མངོན་བཞིན་མཆིས།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།