དབུ་ཤོག>གསར་འགྱུར།>དམངས་འཚོ།
  • ས་མཐོའི་ཞིང་ས་གཤིན་པོ་རུ། བདེ་སྐྱིད་མེ་ཏོག་ཁྲ་ཆིལ་བཞད།

    —— 2025ལོའི་ལྷ་ས་གྲོང་ཁྱེར་གྱི་ཞིང་ལས་དང་གྲོང་གསེབ་ལས་དོན་ལ་བཀྲག་མདངས་འཚེར་ས་མང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-02-05

    2025ལོ་ནི་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བ་དང“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ཀྱི་མཇུག་བསྡུའི་ལོ་ཞིག་རེད། ལྷ་ས་གྲོང་ཁྱེར་ཞིང་ལས་དང་གྲོང་གསེབ་ཅུས་ཀྱིས་ལྷ་ས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག “ཁྲི་སྟོང་འདུ་འགོད”ཀྱི་ཉམས་མྱོང་སློབ་སྦྱོང་དང་བེད་སྤྱོད་གཏིང་ཟབ་བྱེད་པ་དང་། “དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་རྒྱག་པ་བཅས་བྱས་ཏེ། “ཞིང་གསུམ”ལས་དོན་དེ་ཉིད་གྲོང་ཁྱེར་ཡོངས་ཀྱི་འཕེལ་རྒྱས་ཀྱི་སྤྱི་ཡོངས་དང་མཉམ་འདྲེས་གཏིང་ཟབ་བྱས་ཐོག ཞིང་འབྲོག་ལས་སྤུས་ཚད་མཐོ་བ་དང་ཕན་འབྲས་ཆེ་བ་དང་། ཞིང་འབྲོག་ཁུལ་གནས་འཕྲོད་ལས་འཚམ་ཡོང་བ། ཞིང་འབྲོག་མང་ཚོགས་འབྱོར་ཕྱུག་ལྡན་པ་བཅས་ཡོང་བར་སྐུལ་འདེད་བཏང་ནས“ཞིང་གསུམ”གྱི་རྒྱུགས་ལན་ལྗིད་ཏིག་ཏིག་ཅིག་ཕུལ་ཡོད་པ་རེད།

    ཐོན་འབབ་བརྟན་པོ་དང་མཁོ་སྤྲོད་འགན་ལེན་ཧུར་ཐག་བྱས། ཚན་རྩལ་གྱིས་མཐུན་རྐྱེན་སྦྱར་ནས་རྨང་གཞི་བརྟན་དུ་བཏང་།

    ལྷ་ས་གྲོང་ཁྱེར་གྱིས་ཐོག་མཐའ་བར་གསུམ་དུ་འབྲུ་རིགས་དང་ཞིང་ལས་ཐོན་རྫས་གཙོ་བོ་བརྟན་པོ་དང་བདེ་འཇགས་ངང་མཁོ་སྤྲོད་ཐུབ་པར་འགན་ལེན་བྱེད་པ་དེ་དོན་ཆེན་ཨང་དང་པོར་བརྩིས་ཏེ། ཐོན་ལས་ལ་བརྟེན་ནས་གྲོང་ཁྱེར་སྟོབས་ཆེར་གཏོང་རྒྱུ་ཕྱོགས་སྟོན་དུ་བྱེད་པ་དང་། ཞིང་ལས་ཀྱི་རྨང་གཞི་མུ་མཐུད་བརྟན་དུ་གཏོང་བ། ཚན་རྩལ་སྒྲིག་ཆས་ཀྱི་འདེགས་སྐྱོར་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་མང་ཚོགས་ཀྱི་འབྲས་གྲོ་ཞིབ་དང་ཤ་ཚལ་སྒོང་གསུམ་སྲུང་སྐྱོང་ཡག་པོ་བྱེད་ཀྱི་ཡོད།

    2025ལོའི་ལོ་ཧྲིལ་པོར་འབྲུ་རིགས་འདེབས་ཁྱོན་མུའུ་ཁྲི་44.39དང་ནས་འདེབས་ཁྱོན་མུའུ་ཁྲི་33.56 འབྲུ་རིགས་ཐོན་འབོར་ཏུན་ཁྲི་17.52 དང་ནས་ཐོན་འབོར་ཏུན་ཁྲི་13.1བཅས་ཟིན་ནས་འབྲུ་རིགས་བདེ་འཇགས་ཀྱི་མཐའ་ཚད་བརྟན་པོར་བསྲུངས་ཡོད།

    “ཤ་ཚལ་སྒོང་གསུམ”གྱི་འབོར་ཚད་འདང་ངེས་དང་སྤུས་ཚད་ཡག་པོ་བྱུང་ནས་སྤུས་རྟགས་འཐབ་ཇུས་ལ་གཡུར་ཟའི་གྲུབ་འབྲས་ཐོབ་ཅིང་། སྔོ་ཚལ་ཐོན་འབོར་སྔོན་དཔག་བྱས་ན་ཏུན་ཁྲི་29.3དང་ཤ་དང་། སྒོ་ང་། འོ་མ་བཅས་ཀྱི་སྤྱིའི་ཐོན་འབོར་ཏུན་ཁྲི་19.1ཟིན་རྒྱུ་རེད། ལྷ་ས་གྲོང་ཁྱེར་གྱིས་སྤུས་ཚད་བདེ་འཇགས་ཀྱི་འགག་སྒོ་ནན་པོ་བསྲུངས་ནས་ཞིང་ལས་ཐོན་རྫས་འཐེན་བཤེར་གྱི་ཚད་གཞི་ལོན་ཚད་98%ཡན་རྒྱུན་འཁྱོངས་ཐུབ་ཡོད། “ལྷ་སའི་ས་གཙང”སྤུས་རྟགས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་མུ་མཐུད་ཆེ་རུ་ཕྱིན་པ་དང“ཐོན་རྫས་གསུམ་དང་མཚོན་རྟགས་གཅིག”གི་ཁས་ལེན་ཐོན་རྫས་རིམ་རྩིས་བརྒྱབ་ན་ཁག་93ཟིན་ཏེ། ས་མཐོའི་ཁྱད་ལྡན་ཞིང་ལས་ཐོན་རྫས་ཀྱི་ཁྲོམ་རའི་འགྲན་རྩོད་ནུས་པ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད།

    དེ་དང་ཆབས་ཅིག ལྷ་ས་གྲོང་ཁྱེར་གྱིས་ཚད་གཞི་མཐོ་བའི་ཞིང་ཁ་མུའུ་ཁྲི་3.02གསར་སྐྲུན་སྒྱུར་བཀོད་བྱས་པ་དང་རྒྱུད་བཟང་གསོ་སྤེལ་རྟེན་གཞི་མུའུ་ཁྲི་2.85བསྐྲུན་པར་ནས་ཀྱི་སོན་བཟང་ཁྱབ་ཚད་96%ཟིན་པ་དང་ཕྱུགས་རིགས་ཀྱི་རྒྱུད་བཟང་ཁྱབ་ཚད་55%ཟིན་ཡོད། ཞིང་ལས་འཕྲུལ་ཆས་ཉོ་སྒྲུབ་ཀྱི་ཁ་གསབ་སྒོར་ཁྲི་2575དོན་འཁྱོལ་བྱས་པ་དང་ཞིང་ལས་སྐྱེ་དངོས་གཙོ་བོ་ཕྱོགས་བསྡུས་འཕྲུལ་ཆས་ཅན་དུ་འགྱུར་ཚད་84%ཟིན་ཡོད།

    དབུལ་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་བཏང་། དབུལ་ལོག་གི་འགོག་རགས་བརྟན་པོ་བསྐྲུན།

    དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ་ནི་གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་མཐའ་ཚད་ལས་འགན་ཞིག་རེད། ལྷ་ས་གྲོང་ཁྱེར་གྱིས་དབུལ་ལོག་སྔོན་འགོག་གི་འགུལ་རྣམ་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། སྲིད་ཇུས་ཀྱི་འབྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ། ཡུལ་གཞན་དུ་གནས་སྤོས་ཀྱི་རྗེས་མཐུད་རོགས་སྐྱོར་གཏིང་ཟབ་སྤེལ་བ་བཅས་བྱས་ནས། དབུལ་སྒྲོལ་རྨང་གཞི་དེ་བས་བརྟན་པ་དང་ཕན་འབྲས་དེ་བས་རྒྱུན་མཐུད་ཆོག་པའི་འགན་ལེན་བྱས་པ་རེད།

    དེས་མ་ཚད་ལྷ་ས་གྲོང་ཁྱེར་གྱིས《དབུལ་ལོག་དབུལ་འགྱུར་སྔོན་འགོག་གི་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་གྱི་ལས་རིམ་རི་མོ》དང་རྫོང་དང་ཆུས་རིམ་པའི་རོགས་སྐྱོར་སྲིད་ཇུས་ཀྱི“ཡོ་བྱད་སྒམ”གསར་དུ་བཟོས་པ་དང་ཟླ་རེ་བཞིན་བརྡ་ཁྱབ་གཏོང་བ་དང་དུས་ཚིགས་རེར་དཔྱད་བསྡུར་བྱེད་པའི་ལམ་ལུགས་བཙུགས་ནས། ལྟ་ཞིབ་ཚད་ལེན་བྱ་ཡུལ་དུད་ཚང་628ཀྱི་མི་2419ལ་གནད་སྨིན་དབྱེ་འབྱེད་དང་མགྱོགས་མྱུར་ཐེ་ཇུས་ཐུབ་ཡོད། མིག་སྔའི་བར་ཉེན་ཡོད་དུད་ཚང་491གི་མི་1960ཡི་དབུལ་ལོག་ཉེན་ཁ་བརྟན་པོའི་ངང་བསལ་བ་དང་ཉེན་ཡོད་དུད་ཚང་ལྷག་མ་ཚང་མར་དམིགས་སའི་རང་བཞིན་གྱི་རོགས་སྐྱོར་བྱ་ཐབས་དོན་འཁྱོལ་བྱས་པར་རིམ་རྩིས་བརྒྱབ་ན་གྲོང་ཁྱེར་རིམ་པའི་དབུལ་ལོག་སྔོན་འགོག་གི་རོགས་སྐྱོར་མ་དངུལ་སྒོར་ཁྲི་76.95སྤྲད་པ་རེད།

    ཡུལ་གཞན་དུ་གནས་སྤོས་བཀོད་སྒྲིག་བྱ་ཡུལ་ལ་དམིགས་ནས་ཐོན་ལས་དང་ལས་ཞུགས་ཀྱི་སྒུལ་བྱེད་གཉིས་ལ་ཤུགས་སྣོན་བརྒྱབ་ཅིང་། 2025ལོར་ལྷ་ས་གྲོང་ཁྱེར་གྱིས་བཀོད་སྒྲིག་བྱ་ཡུལ་དུ་ཐོན་ལས་རྣམ་གྲངས་7ལག་བསྟར་བྱས་པར་ཁྱོན་མ་དངུལ་སྒོར་ཁྲི་4157བཏང་ཡོད། ཡུལ་གཞན་དུ་གནས་སྤོས་དབུལ་སྒྲོལ་ཐུབ་པའི་མི་འབོར་གྱི་གླ་པ་རྒྱུག་པའི་གཞི་ཁྱོན་མི་གྲངས་9980ཟིན་ནས་ལོ་འཁོར་གྱི་དམིགས་ཚད་ལས་བརྒལ་ཏེ། ལས་ཞུགས་བྱེད་འདོད་ཡོད་པའི་གནས་སྤོས་ཁྱིམ་ཚང་གི་མི་གཅིག་ཉུང་མཐར་ཡང་ལས་ཞུགས་བརྟན་པོ་ཐུབ་ནས་གནས་སྤོས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་མུ་མཐུད་ཆེ་རུ་ཕྱིན་ཡོད།

    ཐོན་ལས་མཉམ་འདྲེས་ཀྱིས་སྤུས་འབྲས་ལེགས་གཉེར་བྱས། སྒྱུར་བཅོས་གསར་གཏོད་ཀྱིས་ཕྱུག་འགྱུར་ལམ་བུ་བཏོད།

    ཐོན་ལས་དར་རྒྱས་གཏོང་རྒྱུ་ནི་གྲོང་གསེབ་དར་རྒྱས་གཏོང་བའི་གལ་ཆེའི་ནང་གི་འགངས་ཆེན་ཞིག་ཡིན་ཞིང་། ལྷ་ས་གྲོང་ཁྱེར་གྱིས་རྣམ་གྲངས་འཛུགས་སྐྲུན་དམ་འཛིན་བྱ་གཞིར་བྱས་ཏེ། ཁྱད་ལྡན་ཐོན་ལས་སྐྱེད་སྲིང་དང་། གཉེར་སྐྱོང་བྱེད་པོ་སྟོབས་ཆེར་གཏོང་བ། གསར་དར་ལས་རྣམ་འཕེལ་རྒྱས་གཏོང་བ། གྲོང་གསེབ་སྒྱུར་བཅོས་ཟབ་ཏུ་གཏོང་བ། ཞིང་འབྲོག་པའི་འབབ་འཕར་ཐབས་ལམ་རྒྱུན་ཆད་མེད་པར་རྒྱ་ཆེར་གཏོང་བ་བཅས་བྱས་ནས་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་སྒུལ་ཤུགས་ཆེན་པོ་བསྣན་ཡོད།

    འདས་ཟིན་པའི་ལོ་གཅིག་རིང་ལྷ་ས་གྲོང་ཁྱེར་གྱིས་རིམ་ཁག་ཞིང་འབྲེལ་རྣམ་གྲངས་266ལག་བསྟར་བྱས་པར་ཁྱོན་མ་དངུལ་སྒོར་དུང་ཕྱུར་20ལྷག་ཙམ་བཏང་བ་དང་ལས་འགོ་འཛུགས་ཚད་100%ཟིན་ཡོད། 2026ལོའི་རྣམ་གྲངས་315སྔོན་ཚུད་དུ་འཆར་འགོད་གྲབས་གསོག་བྱས་པ་དང་མ་འཇོག་གཞི་ཁྱོན་སྒོར་དུང་ཕྱུར་23.49ཟིན་ཡོད། ནས་དང་འབྲི་གཡག་སོགས་ཁྱད་ལྡན་ཐོན་ལས་ལ་དམིགས་ཏེ་ཐོན་ལས་འཁོར་འབྲེལ་ཧྲིལ་པོ་གསར་སྤེལ་ལ་སྐུལ་འདེད་བཏང་བས་ཞིང་འབྲོག་ཐོན་རྫས་ལས་སྣོན་གྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་46.76ཟིན་ཡོད། བོད་ནས་ཐོན་ལས་འཕེལ་རྒྱས་ཀྱི་ཚོགས་ཆེན་སྐབས་དང་པོ་བདེ་བླག་ངང་གཉེར་ནས། རིམ་རྩིས་བརྒྱབ་ན་རྒྱལ་ཁབ་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་རིམ་པའི་དེང་རབས་ཞིང་ལས་ཐོན་ལས་གླིང་6བསྐྲུན་པ་དང་ཐོན་ལས་ཚོ་འདུས་དང་ཐོན་ལས་གྲོང་རྡལ་སྟོབས་ཆེན་འཛུགས་སྐྲུན་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད།

    ལྷ་ས་གྲོང་ཁྱེར་གྱིས་ད་དུང་འབབ་འཕར་ལ་སྐུལ་འདེད་གཏོང་བའི་ཆེད་དོན་བྱ་ཐབས་བཟོས་ནས་ཆེད་དོན་ཁ་གསབ་མ་ལག་བཙུགས་པར་ལྷན་སྦྱར་མ་དངུལ་སྒོར་ཁྲི་5200བཏང་བ་དང་ལོ་འཁོར་གྱི་དམངས་ཕན་ཞིང་ཕན་གྱི་ཁ་གསབ་སྒོར་དུང་ཕྱུར་8.55ཟིན་ཡོད། ལོ་ཧྲིལ་པོར་ཞིང་འབྲོག་པ་ཁྲི་9.01ལས་ཞུགས་གཞན་སྒྱུར་བྱས་ནས་ངལ་ནུས་ཡོང་འབབ་སྒོར་དུང་ཕྱུར་10.54བྱུང་བ་དང་། རྣམ་གྲངས་འཛུགས་སྐྲུན་ལ་ཞིང་འབྲོག་པ་མི་ཐེངས་ཁྲི་25.73ལས་ཞུགས་ཐུབ་ཡོད།

    མཛེས་མཐུན་གྲོང་གསེབ་མཉམ་སྐྲུན་མཉམ་སྤྱོད་བྱས་པ་ལས་སྡོད་མལ་ཁོར་ཡུག་གི་རྣམ་པ་གསར་པ་མངོན་ཞིང་། ལྷ་ས་གྲོང་ཁྱེར་གྱིས་འབྲེལ་མཐུད་མ་དངུལ་སྒོར་དུང་ཕྱུར་5.23བཏང་ནས་གནས་འཕྲོད་ལས་འཚམ་མཛེས་མཐུན་གསུམ་ལྡན་གྱི་གྲོང་གསེབ་20བསྐྲུན་པ་དང་། གྲོང་གསེབ་ཀྱི་དུད་ཚང་4070ཡི་གསང་སྤྱོད་སྒྱུར་བཀོད་ལེགས་གྲུབ་ཟིན་ཏེ་རྒྱུན་རྣམ་ཅན་གྱི་སྒོ་ནས་གྲོང་ཚོ་གཙང་འགྱུར་བྱ་སྤྱོད་སྤེལ་ཡོད། ཞིང་འབྲོག་པའི་རྣམ་པ་གསར་པའི་བྱ་སྤྱོད་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ“སྐར་གསོག་ལམ་ལུགས”རྒྱ་ཁྱབ་ངང་ཁྱབ་གདལ་གཏོང་བ་དང་། གྲོང་སྲོལ་དམངས་ཆིངས་ལ་བཟོ་བཅོས་རྒྱག་པ། གྲོང་ཚོ་རིམ་པའི་རིག་རྩལ་རུ་ཁག་དང་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ས་ཚིགས་འབོར་ཆེན་བསྐྲུན་པ་བཅས་བྱས་པས། ས་མཐོའི་གྲོང་གསེབ་ཏུ་ཡུལ་སྲོལ་ཡ་རབས་པ་དང་། ཁྱིམ་སྲོལ་བཟང་བ། དམངས་སྲོལ་བབ་ཆགས་པ་བཅས་བྱུང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།