དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • 2025ལོར་བོད་ཀྱི་སྟོན་གྲངས་ཁག་8ཀྱི་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་པ།

    དཔལ་འབྱོར་གྱི་བསྡོམས་འབོར་ལོ་རྒྱུས་རང་བཞིན་གྱི་སྒོ་ནས་སྒོར་དུང་ཕྱུར་3000གི་སྐས་རིམ་གསར་པར་སླེབས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-02-05

    གསར་འགོད་པར་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་འཚོགས་པའི་2025ལོའི་ལྗོངས་ཡོངས་ཀྱི་དཔལ་འབྱོར་འཁོར་རྒྱུག་གནས་ཚུལ་སྐོར་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། 2025ལོར། བོད་ཀྱི་དཔལ་འབྱོར་འཁོར་རྒྱུག་བརྟན་ཐོག་ཡར་འཕེལ་བྱུང་ཞིང་། ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་དང་། གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་འཕར་ཐང་། གཏན་འཇགས་རྒྱུ་ནོར་གྱི་མ་འཇོག སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ། སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་གཏོང་སྒོ གྲོང་མི་ཡོངས་ཀྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ། གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་བཅས་སྟོན་གྲངས་ཁག་8ཀྱི་འཕར་ཚད་ཚང་མ་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ནས། ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱུགས་ལན་ཡག་པོ་ཞིག་ཕུལ་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་གཅིག་གྱུར་ཞིབ་རྩིས་བྱས་འབྲས་ལ་གཞིགས་ན། 2025ལོར། ལྗོངས་ཡོངས་ཀྱི་ཐོན་སྐྱེད་རིན་ཐང་དངུལ་འབོར་སྒོར་དུང་ཕྱུར་3031.89ཟིན་པ་དེ་འགྱུར་མེད་རིན་གོང་ལྟར་རྩིས་བརྒྱབ་ན་དུས་མཚུངས་ལས་7.0%འཕར་བ་དང་། འཕར་ཚད་དུས་ཚིགས་བཞི་བསྟུད་མར་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ནས། དཔལ་འབྱོར་བསྡོམས་འབོར་ལོ་རྒྱུས་རང་བཞིན་གྱི་སྒོ་ནས་སྒོར་དུང་ཕྱུར་3000གི་སྐས་རིམ་གསར་པར་སླེབས་ཡོད་པ་རེད། ཐོན་ལས་ཁག་གསུམ་གྱིས་མཉམ་དུ་ཤུགས་བརྒྱབ་ནས་གྲུབ་ཆ་རྒྱུན་མཐུད་ལེགས་སུ་བཏང་བས། ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར་283.51ཟིན་པ་དེ་དུས་མཚུངས་ལས་12.1%འཕར་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར་1156.24ཟིན་པ་དེ་དུས་མཚུངས་ལས་9.6%འཕར་བ། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར་1592.14ཟིན་པ་དེ་དུས་མཚུངས་ལས་4.7%འཕར་ཡོད་པ་རེད།

    2025ལོར། རང་ལྗོངས་ཀྱིས་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་གྱི་འགག་སྒྲོལ་ལོའི་བྱ་སྤྱོད་ལག་ལེན་གཏིང་ཟབ་བསྟར་ཏེ། རྣམ་གྲངས་འགན་གཙང་ལེན་པའི་འགན་འཁྲིའི་ལམ་ལུགས་ལ་མུ་མཐུད་ཤུགས་སྣོན་བརྒྱབ་ཐོག ནུས་ལྡན་གྱི་མ་འཇོག་བྱེད་རྒྱ་མུ་མཐུད་ཆེ་རུ་བཏང་བ་དང་སྤུས་འབྲས་ལེགས་གཉེར་ཡོང་བར་བྱས་པས། ལྗོངས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་འཇོག་བྱེད་ཚད་དུས་མཚུངས་ལས་17.2%འཕར་བ་དང་འཕར་ཚད་ཟླ་བ་དང་པོ་ནས་བཅུ་གཅིག་པའི་བར་ལས་བརྒྱ་ཆའི་གྲངས་0.8ཀྱིས་མཐོ་རུ་ཕྱིན་ཡོད། འཛད་སྤྱོད་ཁྲོམ་རའི་གསོན་ཤུགས་རྒྱུན་མཐུད་འཕེལ་ཞིང་། “བདེ་སྐྱིད་ལྡན་པའི་བོད་ལྗོངས། འཚོ་བར་ཕན་པ་འདོགས”ཞེས་པའི་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་བྱེད་སྒོ་རབ་དང་རིམ་པ་ཧུར་ཐག་སྤེལ་ཏེ། འཛད་ཟོག་རྙིང་པ་གསར་པར་བརྗེ་བར་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་བས། འཛད་སྤྱོད་ཁྲོམ་ར་བརྟན་པོའི་ངང་འཕར་བ་དང་། སྤྱི་ཚོགས་ཀྱི་འཛད་ཟོག་སིལ་ཚོང་དངུལ་འབོར་སྒོར་དུང་ཕྱུར་1078.54ཟིན་པ་དེ་དུས་མཚུངས་ལས་4.4%འཕར་བའི་ནང་། ཚད་བཀག་ཡན་གྱི་འཛད་ཟོག་སིལ་ཚོང་དངུལ་འབོར་སྒོར་དུང་ཕྱུར་357.12ཟིན་ནས་8%འཕར་ཡོད་པ་རེད།

    དམངས་འཚོའི་བདེ་རྩ་རྒྱུན་མཐུད་ཆེ་རུ་དང་མང་ཚོགས་ཀྱི་ཐོབ་སྣང་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཞིང་། 2025ལོར། གྲོང་མི་ཡོངས་ཀྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་33600ཟིན་པ་དེ་དུས་མཚུངས་ལས་7.2%འཕར་བ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་58794ཟིན་ནས་6%འཕར་བ། གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་23184ཟིན་ནས་7.4%འཕར་ཏེ། ཡོང་འབབ་གསུམ་པོའི་འཕར་ཚད་ཚང་མ་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད། གྲོང་གསེབ་ཀྱི་ཡུལ་མིའི་ཡོང་འབབ་འཕར་ཚད་དེ་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་ལས་རྒྱུན་མཐུད་མགྱོགས་པ་བྱུང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་ཡོང་འབབ་ཀྱི་ཧེ་བག་དེ་བས་ཆུང་དུ་ཕྱིན་ནས། དམངས་འཚོ་འཕེལ་རྒྱས་ཀྱི་གྲུབ་འབྲས་ལས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ལ་ཕན་པ་གང་ལེགས་ཐོབ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།