ཞི་ཅིན་ཕིང་གིས་ཝུ་ར་ཀུའེ་ཡི་ཙུང་ཐུང་ཨོར་ཤིས་དང་གྲོས་མོལ་གནང་བ།

འདི་ནི་ཟླ་2ཚེས་3ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་ཝུ་ར་ཀུའེ་ཡི་ཙུང་ཐུང་ཨོར་ཤིས་དང་གྲོས་མོལ་གནང་བ།

ཟླ་2ཚེས་3ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་ཝུ་ར་ཀུའེ་ཡི་ཙུང་ཐུང་ཨོར་ཤིས་དང་གྲོས་མོལ་གནང་ཞིང་། འདི་ནི་གྲོས་མོལ་མ་གནང་གོང་། ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོའི་ཚོམས་ཆེན་བྱང་མར་ཨོར་ཤིས་ལ་དགའ་བསུ་ཞུ་བའི་མཛད་སྒོ་གཉེར་བཞིན་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་2ཚེས་3ཉིན་གློག་འཕྲིན་འབྱོར་གསལ། ཟླ་2ཚེས་3ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་ཝུ་ར་ཀུའེ་ཡི་ཙུང་ཐུང་ཨོར་ཤིས་དང་གྲོས་མོལ་གནང་བ་རེད།
ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་གོ་དང་ཝུ་ར་ཀུའེ་དབར་རྒྱ་མཚོ་ཆེན་པོས་ཆོད་མོད། འོན་ཀྱང་ཕྱོགས་གཉིས་པོའི་འདུ་ཤེས་ཧ་ལམ་མཚུངས་ལ་མཛའ་གྲོགས་ཟབ་མོ་ཡོད། ལོ་38གོང་གི་དེ་རིང་ཀྲུང་གོ་དང་ཝུ་ར་ཀུའེ་དབར་ཕྱི་འབྲེལ་བཙུགས་པ་རེད། ལོ་38ཀྱི་རིང་རྒྱལ་སྤྱིའི་དུས་བབ་ལ་འགྱུར་ལྡོག་ཇི་ལྟར་བྱུང་རུང་རྒྱལ་ཁབ་གཉིས་པོས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་བརྩི་འཇོག་དང་གཉིས་ཕན་མཉམ་ལས་བྱེད་པའི་མཉམ་གནས་ཀྱི་ཐབས་ལམ་མཐའ་འཁྱོངས་བྱས་ཡོད། དུས་བབ་གསར་པར་ཕྱོགས་གཉིས་པོས་སྲོལ་རྒྱུན་རྒྱུན་འཛིན་དང་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་ཟབ་ཏུ་བཏང་སྟེ། རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་སྔར་བས་ཟབ་ཏུ་གཏོང་དགོས།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་ཝུ་རྒྱལ་ཁབ་གཉིས་པོས་ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་གལ་ཆེན་ལ་མུ་མཐུད་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱས་ཏེ། རིམ་པ་ཁག་དང་ཕྱོགས་ཡོངས་ཀྱི་མཛའ་མཐུན་འགྲོ་འོང་ཟབ་ཏུ་གཏོང་བ་དང་རྒྱལ་སྐྱོང་སྲིད་འཛིན་གྱི་ཉམས་མྱོང་སྤེལ་རེས་ལ་ཤུགས་སྣོན་བརྒྱབ་ནས་འཐབ་ཇུས་ཐད་ཕན་ཚུན་ཡིད་ཆེས་ཟམ་མི་ཆད་པར་ཟབ་ཏུ་གཏོང་དགོས། ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་གྲོས་འགོར་གྲོས་འཆམ་བྱུང་སྟེ། འབྱུང་འགྱུར་ལོ་ལྔའི་རིང་ཀྲུང་གོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞི་བཀོད་ཡོད་ལ། ཝུ་ར་ཀུའེ་ཚུད་པའི་རྒྱལ་ཁབ་ཁག་ལ་གོ་སྐབས་དེ་བས་མང་བ་མཁོ་འདོན་བྱས་ཡོད། ཕྱོགས་གཉིས་པོས་འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་བརྒྱབ་སྟེ་དཔལ་འབྱོར་ཚོང་དོན་དང་། དངུལ་རྩ། ཞིང་འབྲོག་ལས། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། ཆ་འཕྲིན་འཕྲིན་གཏོང་སོགས་ཀྱི་མཉམ་ལས་ཟབ་ཏུ་གཏོང་བ་དང་། ལྗང་མདོག་འཕེལ་རྒྱས་དང་། གྲངས་འཛིན་དཔལ་འབྱོར། མི་ཐབས་རིག་ནུས། ནུས་རྒྱུ་གཙང་མ་སོགས་གསར་དར་ཁྱབ་ཁོངས་ཀྱི་མཉམ་ལས་ཀྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་བྱས་ནས་དཔལ་འབྱོར་འཕར་སྣོན་ཕྱོགས་སྒྱུར་རིམ་སྤོར་ཡོང་བར་སྐུལ་འདེད་གཏོང་དགོས། ཀྲུང་གོ་དང་ཝུ་ར་ཀུའེ་ཡི་མི་དམངས་དབར་བཅོས་མིན་གྱི་བརྩེ་བ་ཟབ་མོ་ལྡན་ཡོད་པས་ཕྱོགས་གཉིས་པོས་རིག་གནས་དང་། སློབ་གསོ། ལུས་རྩལ། སྨྱན་སྦྱོར། ས་གནས་སོགས་ཀྱི་སྤེལ་རེས་མུ་མཐུད་ཟབ་ཏུ་བཏང་ནས་མི་སྣ་འགྲོ་འོང་ལ་སྟབས་བདེ་སྐྲུན་པ་དང་དམངས་སེམས་གཅིག་འབྲེལ་ཡོང་བར་སྐུལ་འདེད་གཏོང་དགོས།
ཞི་ཅིན་ཕིང་གིས་གསུངས་དོན། དེང་སྐབས་འཛམ་གླིང་ལ་ལོ་བརྒྱར་འཕྲད་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་འབྱུང་བཞིན་ཡོད་པ་དང་། རྒྱལ་སྤྱིའི་དུས་བབ་འགྱུར་ལྡོག་དང་ཟང་ཟིང་ཆེ་བ། ཕྱོགས་རྐྱང་པའི་བཙན་ཤེད་ཇེ་སྡུག་ཏུ་འགྲོ་བཞིན་ཡོད། ཝུ་ར་ཀུའེ་ཡིས“རྒྱལ་ཁབ་77ཚོགས་པ་དང་ཀྲུང་གོའི”རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་འཁུར་བར་ཀྲུང་གོ་ཕྱོགས་ཀྱིས་རྒྱབ་སྐྱོར་བྱས་ཏེ། ཝུ་ར་ཀུའེ་ཕྱོགས་དང་མཉམ་དུ་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་དང་། ཀུན་ཕན་བསྟུན་མཁས་ཀྱི་དཔལ་འབྱོར་གོ་ལ་ཅན་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་བ་དང་། ལག་གདང་དཔུང་སྦྲེལ་གྱིས་ཐུན་མོང་ཐོག་འཕེལ་རྒྱས་དོན་གཉེར་བྱས་ཏེ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་དང་ལ་ཏིང་མེ་གླིང་གི་འབྲེལ་བར་མཐོང་ཆེན་བྱས་ཏེ། ལ་ཏིང་མེ་གླིང་དང་ཅ་ལེ་པིའི་རྒྱལ་ཁབ་ཀྱིས་རང་ངོས་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་བཅས་ལ་སྲུང་སྐྱོང་བྱེད་པར་རྒྱབ་སྐྱོར་བྱེད་པ་དང་། ཝུ་ར་ཀུའེ་ཡིས་ལ་ཏིང་མེ་གླིང་དང་ཅ་ལེ་པིའི་རྒྱལ་ཁབ་ཀྱི་གཅིག་མཐུན་ཚོགས་པ་དང་དེ་བཞིན་ལྷོ་ཕྱོགས་ཀྱི་ཐུན་མོང་ཁྲོམ་རའི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་འཁུར་རྒྱུར་རྒྱབ་སྐྱོར་བྱས་ནས། ཝུ་ར་ཀུའེ་ཕྱོགས་དང་ས་ཁུལ་རྒྱལ་ཁབ་དང་མཉམ་དུ་ཀྲུང་གོ་དང་ལ་ཏིང་མེ་གླིང་གི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུ་གཏིང་ཟབ་དང་ཏན་ཏིག་ཡོང་བར་སྐུལ་འདེད་གཏོང་འདོད་ཡོད།
ཨོར་ཤིས་ཀྱིས་གསུངས་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གི་འགོ་ཁྲིད་འོག་ཀྲུང་གོར་གྲུབ་འབྲས་རླབས་པོ་ཆེ་ཐོབ་པར་མི་རྣམས་ཀྱིས་ཡིད་སྨོན་བྱེད་ཀྱི་ཡོད། “ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་ཀྱིས་འཛམ་གླིང་ལ་གོ་སྐབས་དེ་བས་མང་བ་མཁོ་འདོན་བྱ་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད། དེ་རིང་ནི་ཝུ་ཀྲུང་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་38འཁོར་བའི་དུས་ཡིན་པ་དང་། རྒྱལ་ཁབ་གཉིས་པོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་དེ་ལོ་རྒྱུས་ཀྱི་དུས་སྐབས་ཡག་ཤོས་སུ་གནས་ཡོད། ཀྲུང་གོ་ནི་ཝུ་ར་ཀུའེ་ཡི་མཉམ་ལས་རོགས་ཟླ་གལ་ཆེ་ཤོས་ཡིན་པས། ཝུ་ར་ཀུའེ་ཡི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྒེར་སེམས་མེད་པའི་རོགས་རམ་བྱེད་ཀྱི་ཡོད། ཀྲུང་གོ་དང་འབྲེལ་བ་ཟབ་ཏུ་གཏོང་བ་དེ་ཝུ་ར་ཀུའེ་རྒྱལ་ཁབ་ཀྱི་སྲིད་ཇུས་ཤིག་ཏུ་གྱུར་བར་ཏང་ཤོག་ཁག་དང་སྤྱི་ཚོགས་ལས་རིགས་ཁག་གི་རྒྱབ་སྐྱོར་ཤུགས་ཆེན་ཐོབ་ཡོད། ཝུ་ར་ཀུའེ་ཕྱོགས་ཀྱིས་བློ་བརྟན་འགྱུར་མེད་ངང་ཀྲུང་གོ་གཅིག་གི་རྩ་དོན་ལ་རྒྱབ་སྐྱོར་བྱེད་པ་དང་། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས” ཀྱི་མཛད་ཕྱོགས་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད། ཝུ་ར་ཀུའེ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་ཟབ་ཏུ་བཏང་ནས་ཕྱོགས་གཉིས་པོའི་མཉམ་ལས་ཆུ་ཚད་དེ་བས་མཐོ་བ་ཞིག་ཏུ་རིམ་སྤོར་བྱ་རྒྱུའི་རེ་སྒུག་བྱེད་བཞིན་ཡོད། ཕྱོགས་གཉིས་པོས་འཕེལ་རྒྱས་ཀྱི་འཐབ་ཇུས་འབྲེལ་མཐུད་ལ་ཤུགས་སྣོན་བརྒྱབ་སྟེ། ཚོང་དོན་དང་། མ་འཇོག ཚན་རྩལ། དབུལ་པོ་ཉུང་གཏོང་། ལྗང་མདོག་དཔལ་འབྱོར། གྲངས་འཛིན་དཔལ་འབྱོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་། སློབ་གསོ་དང་། ལུས་རྩལ། ཡུལ་སྐོར་སོགས་ཁྱབ་ཁོངས་ཀྱི་མི་ཆོས་རིག་གནས་སྤེལ་རེས་ལ་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་གཉིས་པོའི་འབྲེལ་བར་སྒུལ་ཤུགས་དེ་བས་ཆེ་བ་སྣོན་པ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་རྩ་དེ་བས་མང་བ་སྐྲུན་དགོས། ཝུ་ར་ཀུའེ་ཕྱོགས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པའི་འདུ་ཤེས་ལ་ཚད་མཐོའི་བསྔགས་བརྗོད་བྱེད་ཀྱི་ཡོད། འགྲན་སློང་གིས་ཁེངས་པའི་རྒྱལ་སྤྱི་དང་ས་ཁུལ་གྱི་དུས་བབ་མདུན་དུ་ཀྲུང་གོ་ཕྱོགས་དང་ལག་གདང་སྦྲེལ་ནས་མཉམ་ལས་བྱེད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛིན་གྱི་དམིགས་ཡུལ་དང་རྩ་དོན་ལ་བརྩི་སྲུང་། ཕྱོགས་མང་རིང་ལུགས་མཐའ་འཁྱོངས། རྒྱལ་སྤྱིའི་ཚོང་དོན་སྒྲིག་སྲོལ་ལ་སྲུང་སྐྱོང་། ལ་ཏིང་མེ་གླིང་དང་ཀྲུང་གོའི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་ཐུན་མོང་ཁེ་ཕན་ལ་སྲུང་སྐྱོང་བཅས་བྱེད་འདོད་ཡོད།
གྲོས་མོལ་མཇུག་འགྲིལ་རྗེས། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་མ་འཇོག་སྐུལ་འདེད་དང་ཚོང་དོན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཡིག་ཆ་10ལྷག་ཙམ་ལ་མིང་རྟགས་བཀོད་པར་ཐུན་མོང་ཐོག་བདེན་དཔང་གནང་བ་རེད།
གྲོས་མོལ་མ་གནང་གོང་། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོའི་ཚོམས་ཆེན་བྱང་མར་ཨོར་ཤིས་ལ་དགའ་བསུ་ཞུ་བའི་མཛད་སྒོ་འཚོགས་པ་རེད།
ཨོར་ཤིས་ཕེབས་འབྱོར་ཟིན་སྐབས་གུས་དམག་གིས་རུ་སྟར་བསྒྲིགས་ནས་གུས་འདུད་ཞུས་ཤིང་། རྒྱལ་ཁབ་གཉིས་པོའི་གཙོ་བདག་གཟིགས་ཞིབ་སྟེགས་བུར་ཕེབས་པ་དང་། དམག་དོན་རོལ་དབྱངས་ཚོགས་པས་ཀྲུང་གོ་དང་ཝུ་ར་ཀུའེ་རྒྱལ་ཁབ་གཉིས་ཀྱི་རྒྱལ་གླུ་དཀྲོལ་བ། གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་རྟེན་འབྲེལ་མེ་སྒྱོགས་ཐེངས་21བརྒྱབ་པ་རེད། ཨོར་ཤིས་ཀྱིས་ཞི་ཅིན་ཕིང་གི་ཕེབས་རོགས་འོག་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་གནང་བ་མ་ཟད། དམག་རིགས་རྣམ་འབྱེད་ཀྱི་རུ་སྟར་ལའང་གཟིགས་པ་རེད།
ཉིན་དེའི་ཉིན་གུང་། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོའི་གསེར་མདོག་ཚོམས་ཆེན་དུ་ཨོར་ཤིས་ལ་དགའ་བསུ་ཞུ་བའི་གསོལ་སྟོན་བཤམས་པ་རེད།
ཝང་དབྱི་གོང་གསལ་གྱི་བྱེད་སྒོར་ཞུགས་ཡོད་པ་རེད།
འཚམས་འདྲི་གནང་རིང་། ཕྱོགས་གཉིས་པོས《ཀྲུང་གོ་དང་ཝུ་ར་ཀུའེ་ཡི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཝུ་ར་ཀུའེ་ཤར་ངོགས་སྤྱི་མཐུན་རྒྱལ་ཁབ་ཀྱི་མཉམ་འབྲེལ་གསལ་བསྒྲགས》སྤེལ་བ་རེད།
འབྲེལ་ཡོད་གསར་འགྱུར།