ཟླ་དང་པོར་བཟོ་སྐྲུན་ལས་རིགས་ཀྱི་ཉོ་སྒྲུབ་སྤྱི་གཉེར་སྟོན་གྲངས་49.3%ཟིན་པ།
བཟོ་སྐྲུན་ལས་རིགས་ཀྱི་ཐོན་སྐྱེད་སྟོན་གྲངས་རྒྱ་སྐྱེད་ཀྱི་བར་མཚམས་སུ་རྒྱུན་འཁྱོངས་ཐུབ་པ།
རྒྱལ་ཁབ་བསྡོམས་རྩིས་ཅུས་ཞབས་ཞུའི་ལས་རིགས་བརྟག་དཔྱད་ལྟེ་གནས་དང་ཀྲུང་གོ་ཟོག་འགྲེམས་དང་ཉོ་སྒྲུབ་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། ཟླ་དང་པོར་བཟོ་སྐྲུན་ལས་རིགས་ཀྱི་ཉོ་སྒྲུབ་སྤྱི་གཉེར་སྟོན་གྲངས(PMI)49.3%ཟིན་པ་དེ་ཟླ་བ་གོང་མ་ལས་བརྒྱ་ཆའི་གྲངས་0.8ཆག་ཡོད་པ་རེད།
ཁེ་ལས་ཀྱི་ཐོན་སྐྱེད་འཕར་ཚད་ཅུང་དལ་དུ་ཕྱིན་ནས་སྤྱི་ཡོངས་སྔར་རྒྱུན་བཞིན་རྒྱ་སྐྱེད་ཀྱི་རྣམ་པ་རྒྱུན་འཁྱོངས་ཐུབ་ཡོད། ཟླ་དང་པོར། བཟོ་སྐྲུན་ལས་རིགས་ཀྱི་ཐོན་སྐྱེད་སྟོན་གྲངས་50.6%ཟིན་པ་དེ་ཟླ་བ་གོང་མ་ལས་བརྒྱ་ཆའི་གྲངས་1.1ཆག་ནས་སྔར་བཞིན་རྒྱ་སྐྱེད་ཀྱི་བར་མཚམས་སུ་རྒྱུན་འཁྱོངས་ཐུབ་པ་དང་། དེ་ལས་བཟོ་སྐྲུན་ལས་རིགས་ཀྱི་ཐོན་སྐྱེད་སྤྱི་ཡོངས་མུ་མཐུད་རྒྱ་སྐྱེད་དང་འཕར་ཚད་ཟླ་བ་གོང་མ་ལས་ཅུང་དལ་དུ་ཕྱིན་པ་མངོན་གྱི་ཡོད། དེའི་རྒྱུ་རྐྱེན་གཙོ་བོ་ནི་འཛད་ཟོག་བཟོ་སྐྲུན་གྱི་ཐོན་སྐྱེད་བྱེད་སྒོ་དུས་ཐུང་ནང་མངོན་གསལ་དོད་པོས་དལ་དུ་ཕྱིན་པས་རེད། སྒུལ་ནུས་གསར་པ་རྒྱ་སྐྱེད་ཀྱི་རྣམ་པ་རྒྱུན་མཐུད་ཐུབ་པ་དང་ཐོན་ལས་གྲུབ་ཆ་རྒྱུན་མཐུད་ལེགས་སུ་ཕྱིན་ཡོད། ཟླ་དང་པོར། རང་རྒྱལ་གྱི་བཟོ་སྐྲུན་ལས་རིགས་ཀྱི་སྒུལ་ནུས་གསར་པ་སྔར་བཞིན་རྒྱ་སྐྱེད་ཀྱི་རྣམ་པ་རྒྱུན་མཐུད་ཐུབ་ནས། སྒྲིག་ཆས་བཟོ་སྐྲུན་ལས་རིགས་ཀྱི་PMIདེ་50.1%ཟིན་ཏེ། སྔར་བཞིན་རྒྱ་སྐྱེད་ཀྱི་བར་མཚམས་སུ་རྒྱུན་འཁྱོངས་ཐུབ་ཡོད། ལག་རྩལ་མཐོ་བའི་བཟོ་སྐྲུན་ལས་རིགས་ཀྱི་PMIདེ་52%ཟིན་ཏེ། ཟླ་བ་12བསྟུད་མར་རྒྱ་སྐྱེད་ཀྱི་བར་མཚམས་སུ་འཁོར་སྐྱོད་བྱས་པ་དང་། དེའི་ནང་ཐོན་སྐྱེད་སྟོན་གྲངས་དང་མངགས་ཐོ་གསར་པའི་སྟོན་གྲངས་ཚང་མ་54%ཙམ་གྱི་ཅུང་ལེགས་པའི་ཚད་གཞིར་འཁོར་སྐྱོད་བྱེད་བཞིན་ཡོད་པས། ལག་རྩལ་མཐོ་བའི་བཟོ་སྐྲུན་ལས་རིགས་རྒྱུན་མཐུད་ལེགས་ཕྱོགས་སུ་རྒྱ་སྐྱེད་འགྲོ་བཞིན་ཡོད་པ་མངོན་ཡོད།
འབྲེལ་ཡོད་གསར་འགྱུར།