དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ནང་མཁོ་རྒྱ་སྐྱེད་བྱས། དམངས་འཚོར་ཕན་པ་བཏགས། འབྲུ་རིགས་བརྟན་པོ་བྱུང་། སྒོ་དབྱེར་སྐུལ་འདེད་བཏང་།

    2025ལོར་གཙོ་གནད་ཁྱབ་ཁོངས་སུ་ནོར་སྲིད་ཀྱི་གཏོང་སྒོ་འགན་ལེན་ནུས་ལྡན་བྱུང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-02-04

    གསར་འགོད་པར་ནོར་སྲིད་པུའུ་ཡི་ཟླ་1ཚེས་30ཉིན་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། 2025ལོར། རང་རྒྱལ་གྱི་ནོར་སྲིད་འཁོར་སྐྱོད་བརྟན་ལ་གོ་རིམ་ལྡན་པ་དང་། སྔོན་རྩིས་ལག་བསྟར་བྱས་ཚུལ་སྤྱིར་ན་ཅུང་ལེགས་པ། བརྒྱ་ཆ་དགུ་བཅུའི་ས་ཁུལ་གྱི་ནོར་སྲིད་ཡོང་འབབ་འཕར་བ། གཙོ་གནད་གཏོང་སྒོ་འགན་ལེན་ནུས་ལྡན་ཐུབ་པ་བཅས་བྱུང་ནས། ནང་མཁོ་རྒྱ་སྐྱེད་དང་། དམངས་འཚོར་ཕན་འདོགས་པ། འབྲུ་རིགས་བརྟན་པོ་ཡོང་བ། སྒོ་དབྱེར་སྐུལ་འདེད་གཏོང་བ་སོགས་ལ་ནོར་སྲིད་ཀྱིས་རྒྱབ་སྐྱོར་བྱེད་པའི་ཐད་གྲུབ་འབྲས་གཟེངས་སུ་ཐོན་པ་ཐོབ་ཡོད།

    2025ལོར། རྒྱལ་ཡོངས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར་ཁྲི་21.6ཟིན་པ་དེ་2024ལོ་ལས་1.7%ཆག་ཡོད། ཞིང་ཆེན་31གི་ཁྲོད་ས་ཁུལ་ཁ་ཤས་ལ་རྡོ་སོལ་སོགས་ཐོན་འབོར་ཆེ་བའི་ཚོང་ཟོག་གི་རིན་གོང་ཆག་པའི་དབང་གིས་ཡོང་འབབ་དམའ་རུ་འགྲོ་བར་ཤུགས་རྐྱེན་ཐེབས་པ་ཕུད། ས་ཁུལ་27གྱི་ལོ་ཧྲིལ་པོའི་ནོར་སྲིད་ཡོང་འབབ་དེ་2024ལོ་ལས་འཕར་ཡོད། ལོ་ཧྲིལ་པོར་ཁྲལ་བསྡུའི་ཡོང་འབབ་0.8%འཕར་ནས་སྤྱིར་ན་བརྟན་པོའི་ངང་སླར་གསོ་ཐུབ་པའི་རྣམ་པ་མངོན་ཡོད། 2025ལོར། རྒྱལ་ཡོངས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་གཏོང་སྒོ་སྒོར་དུང་ཕྱུར་ཁྲི་28.74ཟིན་པ་དེ་2024ལོ་ལས་1%འཕར་ཡོད། དེའི་ནང་སྤྱི་ཚོགས་འགན་སྲུང་དང་ལས་ཞུགས་ཀྱི་གཏོང་སྒོ་6.7%དང་། སློབ་གསོའི་གཏོང་སྒོ་3.2% འཕྲོད་བསྟེན་བདེ་ཐང་གི་གཏོང་སྒོ་5.7% ཚན་རིག་ལག་རྩལ་གྱི་གཏོང་སྒོ་4.8% ནུས་རྒྱུ་བསྲི་ཚགས་དང་ཁོར་ཡུག་སྲུང་སྐྱོང་གི་གཏོང་སྒོ་6.1% རིག་གནས་དང་ཡུལ་སྐོར་ལུས་རྩལ་བཅས་དང་ཁྱབ་སྤེལ་སྨྱན་སྦྱོར་གྱི་གཏོང་སྒོ་2.2%བཅས་འཕར་ཡོད།

    2025ལོར། ནོར་སྲིད་ཀྱིས་ཐབས་མང་མཉམ་སྤྱོད་བྱས་ནས་འབྲུ་རིགས་ཐོན་སྐྱེད་ལ་རྒྱབ་སྐྱོར་བྱས་ཤིང་། གཏོང་སྤྲོད་སྤོ་སྒྱུར་དང་དུས་ཡུན་རིང་བའི་དམིགས་བསལ་རྒྱལ་བུན་སོགས་བརྒྱུད་ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན་ལ་མ་དངུལ་སྒོར་དུང་ཕྱུར་1766བཀོད་སྒྲིག་བྱས་པ་དེ་དུས་མཚུངས་ལས་53%འཕར་ནས་ཚད་གཞི་མཐོ་བའི་ཞིང་ཁ་མུའུ་ཁྲི་7568སྐྲུན་པར་རྒྱབ་སྐྱོར་བྱས་ཡོད། སྒོར་དུང་ཕྱུར་171བཀོད་སྒྲིག་བྱས་ནས་ས་ནག་སྲུང་སྐྱོང་ཁྱབ་ཁོངས་རྒྱ་ཆེར་གཏོང་བར་རྒྱབ་སྐྱོར་བྱས་ཏེ་སྲུང་སྐྱོང་རང་བཞིན་གྱི་རྨོ་འདེབས་རྒྱ་ཁྱོན་མུའུ་དུང་ཕྱུར་1ཡན་བརྟན་པོ་ཡོང་བར་བྱས་ཡོད། སྒོར་དུང་ཕྱུར་131བཀོད་སྒྲིག་བྱས་ནས་སོན་སྤུས་ཐོན་ཁུངས་སྲུང་སྐྱོང་དང་བེད་སྤྱོད་བྱེད་པར་གཙོ་གནད་དུ་རྒྱབ་སྐྱོར་བྱས་ཏེ་སོན་རིགས་གལ་ཆེན་ཞིབ་འཇུག་གསར་སྤེལ་དང་ཁྱབ་གདལ་བེད་སྤྱོད་བྱ་རྒྱུར་ཤུགས་སྣོན་བརྒྱབ་ཡོད། ཞིང་ལས་འགན་བཅོལ་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་ཞིང་ལས་འགན་བཅོལ་གྱི་འགན་སྲུང་འགྲོ་གྲོན་གྱི་གཞི་ཁྱོན་སྒོར་དུང་ཕྱུར་1550ལས་བརྒལ་བར་སྐུལ་འདེད་བཏང་སྟེ་ཞིང་དུད་ཐེམ་གྲངས་དུང་ཕྱུར་1.25ལ་ཉེན་ཁའི་འགན་སྲུང་སྒོར་དུང་ཕྱུར་ཁྲི་5.2ལྷག་ཙམ་མཁོ་འདོན་བྱས་ཡོད། ཀྲུང་དབྱང་གི་སྤྱི་འདོམས་འོག་གི་འབྲུ་རིགས་ཐོན་ཚོང་ཁུལ་གྱི་ཞིང་ཆེན་དབར་གྱི་འཕྲེད་ཕྱོགས་ཁེ་ཕན་གྱི་ཁ་གསབ་ལག་བསྟར་བྱེད་འགོ་བཙུགས་པ་བརྒྱུད་དུས་ཐོག་ཏུ་སྒྲིག་འཛུགས་བྱས་ནས་ལོ་འཁོར་གྱི་ཁ་གསབ་མ་དངུལ་འཇལ་སྤྲོད་ཐེངས་དང་པོ་ལེགས་གྲུབ་ཐུབ་ཡོད།

    ཧའེ་ནན་རང་མོས་ཚོང་དོན་གྲུ་ཁའི་གླིང་ཕྲན་ཧྲིལ་པོར་སྒོ་ཁྲལ་སྡོམ་རྒྱུ་བདེ་བླག་ཡོང་བའི་འགན་ལེན་བྱ་ཆེད། ནོར་སྲིད་པུས་སྣེ་ཁྲིད་དེ་དངོས་ཟོག་ཕྱིར་གཏོང་ནང་འདྲེན་གྱི“རིམ་པ་དང་པོ”དང་“རིམ་པ་གཉིས་པ”དང་གླིང་ཕྲན་ནང་ཁུལ་དུ་འཁོར་རྒྱུག་བྱེད་པའི་ཁྲལ་བསྡུའི་སྲིད་ཇུས་དང་དེ་བཞིན་ནང་འདྲེན་ཁྲལ་བསྡུའི་ཚོང་ཟོག་གི་དཀར་ཆག་བཟོས་ནས་2025ལོའི་ཟླ་12ཚེས་18ཉིན་གླིང་ཕྲན་ཡོངས་སུ་སྒོ་ཁྲལ་སྡོམ་པའི་ལས་གཉེར་བྱེད་ཉིན་ནས་བཟུང་ལག་བསྟར་བྱས་ཏེ་ཧའེ་ནན་རང་མོས་ཚོང་དོན་གྲུ་ཁའི“སྒོ་ཁྲལ་མེད་པའི”ལམ་ལུགས་མ་ལག་སྤྱིར་ན་གཏན་འཁེལ་བྱས་པ་རེད། སྒོ་ཁྲལ་སྡོམ་པའི་ལས་གཉེར་བྱས་པ་ནས་བཟུང་། 2026ལོའི་ཟླ་1ཚེས་27ཉིན་བར “སྒོ་ཁྲལ་མེད་པའི”དངོས་ཟོག་ནང་འདྲེན་གྱི་ཟོག་ཐང་སྒོར་དུང་ཕྱུར་8.57ཟིན་པ་དེ་དུས་མཚུངས་ལས་ལྡབ་2.43འཕར་བ་དང་། རྫས་འགྱུར་བཟོ་ལས་དང་། གཏེར་རྫས་བཟོ་སྐྲུན། སྨན་བཅོས་བདེ་ཐང་སོགས་ལས་རིགས་མང་པོར་ཁྱབ་ཡོད། ཁྲལ་དངུལ་སྒོར་དུང་ཕྱུར་1.29ཙམ་ཆག་ཡང་དང་རྩ་ཆག་བཏང་བ་དེ་དུས་མཚུངས་ལས་ལྡབ་2འཕར་ཡོད། ཁེ་ལས་ཁྲི་1ལྷག་ཙམ“སྒོ་ཁྲལ་མེད་པའི”སྲིད་ཇུས་ཀྱི་ཕན་པ་ཐོབ་མཁན་གཙོ་བོར་རེ་ཞུ་ཐུབ་པ་དང་གསར་དུ་ཐོ་འགོད་བྱས་པའི་ཕྱི་ཕྱོགས་ཚོང་དོན་ཁེ་ལས་5700ལྷག་ཙམ་ཟིན་ཡོད། ཞིང་ཆེན་ཡོངས་སུ་ཕྱི་རྒྱལ་གྱི་མ་འཇོག་ཁེ་ལས་409མང་དུ་ཕྱིན་པ་དེ་དུས་མཚུངས་ལས་23.56%འཕར་ནས་ཕྱི་རྒྱལ་གྱིས་ཚོང་པས་ཐད་ཀར་མ་འཇོག་བྱས་པའི་བསྡོམས་འབོར་དང་འཕར་ཚད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད། གླིང་ཕྲན་ནས་བྲལ་སྐབས་ཀྱི་ཁྲལ་འཇལ་མི་དགོས་པའི་ཕྱིར་ཚོང་དངུལ་འབོར་སྒོར་དུང་ཕྱུར་62.8དང་དངོས་ཟོག་ཉོ་མཁན་མི་ཐེངས་ཁྲི་98.1ཟིན་པ་དང་། ལྷག་པར་དུ་ད་ལོའི་གནམ་ལོ་གསར་ཚེས་རིང་གླིང་ཕྲན་ནས་བྲལ་སྐབས་ཀྱི་ཁྲལ་འཇལ་མི་དགོས་པའི་ཕྱིར་ཚོང་དངུལ་འབོར་སྒོར་དུང་ཕྱུར་7.12ཟིན་པ་དེ་དུས་མཚུངས་ལས་128.9%ཤུགས་ཆེར་འཕར་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།