དབུ་ཤོག>གསར་འགྱུར།>བོད་སྐྱོར།
  • ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་སུ་མང་ཚོགས་ལ“ཚོགས་སྒྲིག་རྣམ་པའི”སྨན་བཅོས་བོད་སྐྱོར་གྱི་ཕན་པ་ལོངས་སུ་སྤྱོད་རྒྱུ་བྱུང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-02-04

    འདི་ནི་བོད་སྐྱོར་སྨན་བཅོས་རིགས་གཅིག་མཁས་ཅན་ཞིག་གིས་མང་ཚོགས་ལ་བརྟག་དཔྱད་བྱེད་བཞིན་པ།

    སྤུས་ལེགས་སྨན་བཅོས་ཀྱི་ཐོན་ཁུངས་གཞི་རིམ་དུ་ཕྱོགས་པར་སྐུལ་འདེད་གཏོང་ཆེད། ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་ཀྱི་གྲོང་སྡོད་ལས་དོན་རུ་ཁག་གིས་ཀྲེ་ཅང་ཞིང་ཆེན་བོད་སྐྱོར་སྨན་བཅོས་ཚོགས་པ་དང་མཉམ་ལས་བྱས་ཏེ། “རིགས་གཅིག་མཁས་ཅན་གྱིས་གཞི་རིམ་དུ་སྨན་བཅོས་བྱེད་པའི”འོས་འགན་སྨན་བཅོས་ཀྱི་བྱེད་སྒོ་རྒྱུན་མཐུད་སྤེལ་ཞིང་། འོས་འགན་སྨན་བཅོས་ཀྱི་བྱེད་སྒོས་སྡེ་ཁུལ་དང་། འབྲོག་ཁུལ། གྲོང་གསེབ་བཅས་ལ་བདེ་ཐང་གི་ཞབས་ཞུ་བསྒྲུབས་ཏེ་ཞིང་འབྲོག་པར་ཞབས་ཞུའི“མཐའ་མའི་འགག་གནད”ཏན་ཏིག་བསལ་ཡོད།

    ཀྲེ་ཅང་ཞིང་ཆེན་བོད་སྐྱོར་ཧང་ཅ་ལས་དོན་ཚོགས་ཆུང་གི་སྤྱི་འདོམས་མཐུན་སྦྱོར་འོག ད་རེས་ཀྱི་འོས་འགན་སྨན་བཅོས་བྱེད་སྒོས་རུའེ་ཨན་གྲོང་ཁྱེར་མི་དམངས་སྨན་ཁང་བོད་སྐྱོར་སྨན་བཅོས་རུ་ཁག་སོགས་ཆེད་ལས་མང་པོའི་སྟོབས་ཤུགས་བསྡུ་སྒྲིལ་བྱས་ནས་ཐོན་ཁུངས་གསབ་རེས་དང་མཉམ་འགུལ་ནུས་ཆེའི་ཞབས་ཞུའི་མཉམ་ཤུགས་ཆགས་པར་བྱས་ཤིང་། ལོ་ཕྱེད་ཙམ་རིང་། མཉམ་འབྲེལ་སྨན་བཅོས་རུ་ཁག་གིས་རིམ་རྩིས་བརྒྱབ་ན་ལམ་ཐག་སྤྱི་ལེ་1500ལྷག་ཙམ་བསྐྱོད་དེ་ཐག་རིང་ལུང་ཁུག་གི་འབྲོག་ཁུལ་དང་གྲོང་གསེབ་ཀྱི་སྡེ་ཁུལ་དུ་འོས་འགན་སྨན་བཅོས་ཐེངས་30ལྷག་ཙམ་བྱས་པ་དང་། མི་རིགས་ཁག་གི་མང་ཚོགས་མི་ཐེངས་3000ལྷག་ཙམ་ལ་ཞབས་འདེགས་ཞུས་པ། སྒོར་ཁྲི་2ལྷག་ཙམ་རི་བའི་རིན་པ་མི་དགོས་པའི་སྨན་རྗས་སྤྲད་ནས་གཞི་རིམ་མང་ཚོགས་ཀྱི“སྨན་པ་བསྟེན་དཀའ་བ་དང་། རིགས་གཅིག་མཁས་ཅན་དེ་བས་བསྟེན་དཀའ་བའི”གནད་དོན་ནུས་ལྡན་ངང་བསལ་ཡོད།

    འོས་འགན་སྨན་བཅོས་བྱེད་རིང་། བོད་སྐྱོར་རིགས་གཅིག་མཁས་ཅན་ཚོས་ངང་རྒྱུད་རིང་པོ་དང་ཞིབ་ཚགས་པོས་མང་ཚོགས་ལ་ནད་གཞི་བཅོས་པ་དང་། བདེ་ཐང་བློ་འདོན། སྨན་སྤྱོད་སྟངས་མཛུབ་ཁྲིད་བཅས་བྱས་པ་མ་ཟད། ས་གནས་ས་ཐོག་ཏུ་འགྲེལ་བཤད་དང་དྲིལ་བསྒྲགས་དཔྱད་ཡིག་སྤྲོད་པ་སོགས་ཀྱི་བྱ་ཐབས་བརྒྱུད་བདེ་ཐང་དང་ནད་འགོག་གི་ཤེས་བྱ་ཁྱབ་གདལ་བཏང་ནས་མང་ཚོགས་ལ་ཚན་རིག་དང་མཐུན་པའི་བདེ་སྲུང་གི་འདུ་ཤེས་འཛུགས་རྒྱུར་ཁྲིད་སྟོན་བྱས་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།