ཉིང་པོའི་བོད་སྐྱོར་རིགས་གཅིག་མཁས་ཅན་གྱིས་འབྲི་རུ་རྫོང་ལ་རྙོག་འཛིང་ཆེ་བའི་རྣ་བའི་གཤགས་བཅོས་ཐོག་མ་བྱེད་པར་རམ་འདེགས་བྱས་པ།
ཉེ་ཆར། ནག་ཆུ་གྲོང་ཁྱེར་འབྲི་རུ་རྫོང་མི་དམངས་སྨན་ཁང་དུ་ཉིང་པོ་གྲོང་ཁྱེར་སྨན་བཅོས་ལྟེ་གནས་ལི་ཧུའེ་ལི་སྨན་ཁང་ནས་ཡོང་བའི་བོད་སྐྱོར་རིགས་གཅིག་མཁས་ཅན་གྱིས་ས་གནས་དེ་གའི་སྨན་བཅོས་ཚོགས་པའི་སྣེ་ཁྲིད་དེ་མཉམ་ལས་ཤུགས་ཆེན་བྱས་ནས། ལོ་62ལ་སླེབས་པའི་བོད་རིགས་བུད་མེད་ནད་པ་ཞིག་ལ“རྣ་བ་གཡས་པའི་མདུན་གྱི་སྐྲན་ནད་གཅོད་འབྲེག་དང་རྣ་བའི་རྒྱབ་ཀྱི་འཁྱམས་གྱེས་པགས་འདབ་ཉམས་གསོའི་གཤགས་བཅོས”བདེ་བླག་ངང་བྱས་ཤིང་། གཤགས་བཅོས་དེ་ལས་ནད་པའི་ན་ཟུག་བསལ་བ་མ་ཟད་འབྲི་རུ་རྫོང་གི་སྨན་བཅོས་ལག་རྩལ་ཁྱབ་ཁོངས་ཀྱི་སྟོང་ཆ་ཡང་བསབས་པ་རེད།
གཤགས་བཅོས་དེའི་ལག་རྩལ་གྱི་ཚད་གཞི་མཐོ་བ་དང་བརྒྱུད་རིམ་རྙོག་འཛིང་ཆེ་ཞིང་། འབྲས་སྐྲན་གཅོད་འབྲེག་དང་། པགས་འདབ་ཇུས་འགོད། ཁྲག་རྩ་མཐུད་པ་སོགས་ཀྱི་ལྷུ་ཚིགས་ཞིབ་ཕྲ་དང་འབྲེལ་བ་ཡོད་ལ་འབྲི་རུ་རྫོང་ཁོངས་སུ་གཤགས་བཅོས་ཐོག་མར་བྱས་པ་ཞིག་ཀྱང་རེད། གཤགས་བཅོས་ཆུ་ཚོད་ཁ་ཤས་བྱས་པ་བརྒྱུད། པགས་འདབ་སྤོ་སྒྱུར་བདེ་བླག་བྱུང་བ་དང་རྨ་ཁ་ཡང་ལེགས་པར་བཙེམས་ཏེ་གཤགས་བཅོས་ལེགས་འགྲུབ་བྱུང་བ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། 2019ལོ་ནས་བཟུང་། ཉིང་པོ་གྲོང་ཁྱེར་སྨན་བཅོས་ལྟེ་གནས་ལི་ཧུའེ་ལི་སྨན་ཁང་གིས་ཕུལ་བྱུང་གི་རྐང་འཛིན་སྨན་པ་འབྲི་རུ་རྫོང་དུ་ཁ་གཏད་རོགས་སྐྱོར་ལས་དོན་སྒྲུབ་པར་རྒྱུན་མཐུད་མངགས་ཤིང་། བོད་སྐྱོར་རིགས་གཅིག་མཁས་ཅན་ཚོས་ཐོག་མཐའ་བར་གསུམ་དུ“བརྒྱུད་རོགས་ཁྲིད”གསུམ་གྱི་བྱེད་སྟངས་མཐའ་འཁྱོངས་བྱས་ཏེ། ས་གནས་དེ་གའི་སྨན་བཅོས་ཚོགས་པར་སྔོན་ཐོན་གྱི་སྨན་བཅོས་ལག་རྩལ་དང་ཚད་ལྡན་གྱི་དོ་དམ་འདུ་ཤེས་བུམ་པ་གང་བྱོའི་ཚུལ་དུ་བསླབས་ཏེ། འབྲི་རུ་རྫོང་མི་དམངས་སྨན་ཁང་དུ་གནས་ཐུབ་པ་དང་གང་ལེགས་སྤྱོད་ཐུབ་པའི་རང་སའི་སྨན་བཅོས་དཔུང་ཁག་ཅིག་འཛུགས་སྐྱོང་བྱ་རྒྱུར་རམ་འདེགས་གང་ལེགས་བྱས་པས། ས་གནས་དེ་གའི་གཞི་རིམ་སྨན་བཅོས་ཀྱི་ཞབས་ཞུའི་ནུས་པ་ཆེ་རུ་བརྟན་པོ་སོང་ཡོད།
འབྲེལ་ཡོད་གསར་འགྱུར།