ཡར་ཀླུང་ས་གཞི་ཆེན་པོར་ལང་ཚོ་སྐྱེས་སུ་ཕུལ།
གཡོད་དབྱང་གྲོང་ཁྱེར་གྱི་ཁག་གསུམ་པའི“ཆུང་གྲས་དང་དུས་ཐུང་རོགས་སྐྱོར”དང་ཁག་བཅུ་གསུམ་པའི“དུས་ཐུང་རོགས་སྐྱོར”ཤེས་ལྡན་པའི་རོགས་སྐྱོར་བྱེད་པའི་སྐོར་བཀོད་པ།
“ཅུས་ཀྲང་ཧོའུ་ལགས། ཁྱེད་སླར་ཡང་ལས་གནས་སུ་ལོ་གཅིག་སྡོད་རྒྱུའི་རེ་ཞུ་ཕུལ་ན་འགྲིག་གམ” ཉིན་ཤས་གོང་། ཟངས་རི་རྫོང་མི་སྤྱི་ཅུས་ཀྱི་ཅུས་ཀྲང་གཞོན་པ་དང་གཡོད་དབྱང་བོད་སྐྱོར་ལས་དོན་ཚོགས་ཆུང་གི་ཁོངས་མི་ཧོའུ་ཆིང་ཞོན་གྱི་ལག་ཐོགས་ཁ་པར་གྱི་ཐིར་སྒྲ་བསྟུད་མར་གྲགས། ལག་ཐོགས་ཁ་པར་ལ་ལྟ་སྐབས། ལྗོངས་ཕྱི་ནས་བསྐུར་བའི“རེ་ཞུའི་སྐད་འཕྲིན”ཡིན་ཞིང་། ཡིག་འབྲུ་རེ་རེའི་ཁྲོད་ནས་ཡིད་ཆེས་དང་འབྲལ་མི་ཕོད་པའི་བརྩེ་སེམས་མངོན། སྐད་འཕྲིན་བསྐུར་མཁན་ཚང་མ་ནི་ཧོའུ་ཆིང་ཞོན་གྱིས་དེ་སྔ་ལྗོངས་ཕྱིར་ལས་ཞུགས་ལ་རོགས་རམ་བྱེད་མྱོང་བའི་ལྷོ་ཁའི་མཐོ་སློབ་སློབ་ཐོན་སློབ་མ་ཤ་སྟག་རེད།
ལོ་གཅིག་གི་གོང་དུ། ཧོའུ་ཆིང་ཞོན་བོད་སྐྱོར་གྱི་དུས་ཚོད་ཐིམ་ཡང་མུ་མཐུད་ལྷོ་ཁར་ལས་ཀ་བྱས་ཏེ་བསྡད་ཅིང་། ད་ཆ་ལྷོ་ཁ་ནས་འབྲལ་བའི་དུས་སུ་སླེབས་ཀྱང་། སྐད་འཕྲིན་དེ་དག་མཐོང་སྐབས་སེམས་ལ་དྲོ་སོབ་སོབ་ཀྱི་སྣང་བ་ཞིག་འཆར།
ཉིན་མཚན་བདུན་བརྒྱ་ལྷག་ཙམ་རིང་། ཧོའུ་ཆིང་ཞོན་གྱིས་ཕར་རྒྱུག་ཚུར་རྒྱུག་ཐེངས་མང་བྱས་ནས་གནད་སྨིན་འབྲེལ་མཐུད་བྱས་པར་བརྟེན་ལྷོ་ཁའི་གཞོན་ནུ་ཁག་གཅིག་ནང་སའི་ཁེ་ལས་སུ་ལས་ཀར་ཞུགས་ཐུབ་ཡོད། ཁོང་ཚོའི་ཁྲོད་ཀྱི་མི་མང་པོ་ཞིག་ད་ཆ་ལས་སྒོའི་རྐང་འཛིན་པར་གྱུར་ཏེ“ས་མཐོ་ནས་ཐོན་པ”ནས“རྐང་པ་བརྟན་པོ་འཛུགས”ཐུབ་པ་བྱུང་བ་མ་ཟད། “བདེ་སྡོད་ལས་བརྩོན”ཡང་བྱུང་ཡོད།
2025ལོར་ཧོའུ་ཆིང་ཞོན་དང་མཉམ་དུ་ཡོང་མཁན་གྲས་སུ་ད་དུང་གཡོད་དབྱང་གི་སྨན་བཅོས་དང་། སློབ་གསོ། རིག་གནས་ཡུལ་སྐོར་སོགས་ཁྱབ་ཁོངས་ཀྱི་ཆེད་ལས་ལག་རྩལ་གྱི་རྐང་འཛིན་པ་12ཡོད་ཅིང་། གཡོད་དབྱང་གྲོང་ཁྱེར་གྱི་ཁག་གསུམ་པའི“ཆུང་གྲས་དུས་ཐུང་རོགས་སྐྱོར”དང་ཁག་བཅུ་གསུམ་པའི་དུས་ཐུང་རོགས་སྐྱོར་ཤེས་ལྡན་པ་ཚོ་ཕ་ཡུལ་དང་བྲལ་ནས་ལྷོ་ཁར་ཡོང་ནས་དུས་ཡུན་ལོ་གཅིག་ནས་ལོ་ཕྱེད་བར་གྱི་དུས་ཐུང་ཁ་གཏད་རོགས་སྐྱོར་གྱི་ལས་ལ་གཞོལ།
དུས་ཚོད་ཐུང་ཡང་ལས་འགན་ལྕི། ཤེས་ལྡན་མི་སྣ་དེ་དག་བོད་དུ་འབྱོར་མ་ཐག སྐར་ཆ་གཅིག་ཀྱང་སྒུག་ལོད་མི་བཟོད་པར་ས་མཐོར་མི་འཕྲོད་པ་སོགས་ཁྱད་བསད་བྱས་ཏེ་འཐབ་ཕྱོགས་དང་པོར་བསྐྱོད།
ཟངས་རི་རྫོང་རིག་གནས་དང་ཡུལ་སྐོར་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཡུས་ཞའོ་ཡུས་ཀྱིས“རིག་གནས་ཡུལ་སྐོར་རྫོང”གཏོད་རྒྱུའི་དམ་བཅའ་སེམས་སུ་འཆང་བཞིན། ཁོང་གིས་མཐོ་གྲང་དང་གསོ་རླུང་དཀོན་པར་མ་བལྟོས་པར་ཟངས་རི་རྫོང་གི་2025ལོའི་གཟི་བྱིན་ལྷ་མཚོའི་ཡུལ་སྐོར་དམངས་གཞས་མཛད་སྒོ་དང་ཡུལ་སྐོར་འཕེལ་རྒྱས་ཚོགས་ཆེན་བདེ་བླག་ངང་འཚོག་རྒྱུར་སྐུལ་འདེད་བཏང་ཡོད། “ལག་གདང་སྦྲེལ་ནས་འཕེལ་རྒྱས་བཏང་། གཡོད་དབྱང་དང་ཟངས་རི་ཁྱིམ་ཚང་གཅིག་ལྟར་བརྩེ”ཞེས་པའི་གློག་བརྙན་པར་ལེན་བྱེད་སྒོ་སྤེལ་ནས་གཡོད་དབྱང་གི་གསར་གཏོད་དང་ལག་རྩལ་ལ་བརྟེན་ནས་ཟངས་རི་རྫོང་གི་མཛེས་སྡུག་ལྡན་པའི་རྣམ་པ་དང་ས་གནས་གཉིས་དབར་གྱི་བརྩེ་སེམས་མཚོན་པར་བྱས་ཡོད།
ཟངས་རི་རྫོང་བསྡོམས་རྩིས་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཧན་ཅུན་གྱིས་རྟག་ཏུ་མཚན་མོར་ཡང་གཞུང་ལས་ཁང་གི་གློག་སྒྲོན་འོག་ལས་ཀ་བྱས་ནས་སྡོད་ཅིང་། བསྡོམས་རྩིས་ལས་དོན་གྱི་དཀའ་གནད་ལ་དམིགས་ཏེ་ཁོང་གིས་གནད་སྨིན་ཇུས་བསྟར་བྱས་ནས་བཟོ་ལས་དང་། ཞིང་ལས། ཚོང་དོན་ལས་རིགས་བཅས་ཁྱབ་ཁོངས་ཆེན་པོ་གསུམ་གྱི་ཚད་ལྡན་ཅན་གྱི་གྲངས་གཞི་འཚོལ་བསྡུའི་མ་ལག་འཛུགས་པར་སྐུལ་འདེད་བཏང་ཡོད། ཧན་ཅུན་གྱི་སྣེ་ཁྲིད་འོག ཟངས་རི་རྫོང་གི་མི་འབོར་དཔེ་འཐེན་བརྟག་དཔྱད་ཀྱི་ལས་དོན་ལྷོ་ཁ་གྲོང་ཁྱེར་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད།
“བོད་སྐྱོར་ལས་དོན་སྤེལ་བར་དཀའ་ངལ་འདུག་གམ་ཟེར་ན། དཀའ་ངལ་ཏོག་ཙམ་འདུག”“ད་དུང་ཡོང་འདོད་ཡོད་དམ་ཞེ་ན། ངེས་པར་དུ་ཡོང་གི་ཡིན” སྐད་ཆ་དེ་ནི་ལང་ཚོས་འཕྱུར་བའི་བོད་སྐྱོར་ལས་བྱེད་པ་ཚོའི་སེམས་གཏིང་གི་སྐད་ཆ་རེད། བོད་སྐྱོར་ལས་དོན་གྱི་དུས་ཚོད་ཐུང་ནའང་ཚང་མས་ཟངས་རི་རྫོང་ཕ་ཡུལ་གཉིས་པར་བརྩི་གི་ཡོད།
“ཉ་སྟེར་བ་ལས་འཛིན་སྟངས་སློབ་པ་དགའ”སྐད་ཆ་དེ་ནི་གཡོད་དབྱང་བོད་སྐྱོར་ལས་དོན་ཚོགས་ཆུང་གི་ཐོག་མཐའ་བར་གསུམ་གྱི་འདུ་ཤེས་ཤིག་རེད། སློབ་གསོའི་ཁྱབ་ཁོངས་སུ་གཡོད་དབྱང་བོད་སྐྱོར་དགེ་རྒན་གྱིས་དེང་རབས་ཀྱི་འདུ་ཤེས་དང་བོད་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། སློབ་ཁྲིད་ཐད་ཞིབ་སློབ་ལས་དོན་གཏིང་ཟབ་སྤེལ་ནས་སློབ་ཁྲིད་ཀྱི་སྤུས་ཚད་དང་སློབ་མའི་བསམ་གཞིག་གི་ནུས་པ་ཆེ་རུ་བཏང་ཡོད། ཟངས་རི་རྫོང་ལྟེ་བའི་སྨན་ཁང་དུ་གཡོད་དབྱང་བོད་སྐྱོར་སྨན་བཅོས་ཤེས་ལྡན་པས་དམར་ཁྲིད་བྱས་ནས་ས་གནས་དེ་གའི་སྨན་པར་སྒྲ་འདས་ནད་བརྟག་ལག་རྩལ་བསླབས་ཡོད། ཟངས་རི་རྫོང་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སོགས་ཚན་པ་མང་པོར“དགེ་རྒན་གྱིས་དགེ་ཕྲུག་ཁྲིད་པ”དང“གཅིག་གཏད་གཅིག”གི་གནད་སྨིན་གསོ་སྐྱོང་བྱེད་ཐབས་རྒྱ་ཁྱབ་ངང་སྤེལ་ཡོད།
དུས་ཚོད་ཐུང་ཡང་བརྩེ་སེམས་མཚོ་ལས་ཟབ། “བོད་སྐྱོར་གྱི་བརྒྱུད་རིམ་དེ་ནི་ངས་བརྗེད་པར་དཀའ་བའི་ལོ་ཟླ་ཡིན་ལ། གཡོད་དབྱང་དང་ཟངས་རི་ས་གནས་གཉིས་ཀྱི་སྒྲོག་ཐག་ཞིག་ཀྱང་ཡིན”ཞེས་ཆེད་ལས་ལག་རྩལ་གྱི་ཤེས་ལྡན་པ་ལིའུ་ཧྲན་ཞ་ཡིས་སེམས་འགུལ་ཐེབས་བཞིན་བརྗོད། ཟླ་བ་དྲུག་རིང་འབད་བརྩོན་བྱས་པའི་ལས་འགན་གཙོ་བོ་ནི་མིག་མདུན་གྱི་གནད་དོན་ཐག་གཅོད་བྱ་རྒྱུ་ཙམ་ཞིག་མིན་པར། ས་གནས་དེ་གར“ནམ་ཡང་གནས་ཐུབ་པའི་ཤེས་ལྡན་པའི་དཔུང་ཁག”ཅིག་གསོ་སྐྱོང་བྱ་རྒྱུ་དེ་ཡིན། རྩེར་སོན་ལག་རྩལ་དང་། ཚད་ལྡན་བརྒྱུད་རིམ། གསར་གཏོད་ཀྱི་བསམ་གཞིག་བཅས་ལ་བརྟེན་ནས་བོད་སྐྱོར་ལས་དོན་དེ་ཕྱོགས་རྐྱང་པའི“གཞན་བརྟེན”གྱི་རོགས་སྐྱོར་ནས་རྒྱུན་མཐུད་ཆོག་པའི“རང་བརྟེན”གྱི་རོགས་སྐྱོར་དུ་འགྱུར་བར་སྐུལ་འདེད་བཏང་ཡོད།
ནང་སར་ལོག་པའི་དུས་སུ་སླེབས་ཀྱང་མཛའ་སེམས་བྲག་ལྟར་བརྟན། བོད་སྐྱོད་ལས་བྱེད་པ་ཚོས་གྲུབ་འབྲས་ཀྱིས་ཕྱུག་བཞིན་ཕ་ཡུལ་དུ་ཕྱིར་ལོག་བྱས། ཁོང་ཚོས་བཞག་པ་ནི་ཚད་ལྡན་ཅན་གྱི་བརྒྱུད་རིམ་དང་འཕེལ་རྒྱས་གསར་པའི་རྣམ་གྲངས་ཙམ་མ་ཟད། དེ་བས་ཀྱང་འཕེལ་རྒྱས་ཀྱི་ས་བོན་བཏབ་པ་དང་བརྩེ་སེམས་ཀྱི་ཟམ་པ་བཙུགས་ཡོད། འབྱུང་འགྱུར་གཡོད་དབྱང་གི་བུ་ཕྲུག་གཅིག་རྗེས་གཉིས་མཐུད་ངང་ལྷོ་ཁའི་ས་གཞི་ཆེ་མོར་མུ་མཐུད་འབད་འཐབ་བྱས་ནས་ཐོག་མའི་བསམ་འདུན་མཚོན་པར་བྱ་རྒྱུ་མ་ཟད། དངོས་སྒྲུབ་ཀྱི་ངར་ཤུགས་ལ་བརྟེན་ནས་ཟངས་རི་རྫོང་གི་ལས་བྱེད་པ་དང་མང་ཚོགས་དང་“ཁྱིམ་ཚང་གཅིག་དང་། སེམས་པ་གཅིག མཉམ་དུ་སྒྲུབ་པ”བཅས་བྱས་ཏེ་ཡར་ཀླུང་ས་གཞི་ཆེན་པོར“གཡོད་དབྱང་དང་ཟངས་རི་ས་གནས་གཉིས་ཀྱི་བརྩེ་བ་དང་ཧུའུ་ནན་དང་བོད་ཀྱི་ཁྱིམ་ཚང་གཅིག་ལྟར”གྱི་དུས་རབས་གསར་པའི་ལེའུ་མུ་མཐུད་རྩོམ་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།