དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • གཞི་རིམ་དུ་རྩ་བ་བརྟན་པོ་ཚུགས། གྲོང་གསེབ་ཀྱི་འཕེལ་རྒྱས་གསར་པ་མངོན།

    འཐུས་མི་དང་ཨུ་ཡོན་ཚོས་གྲོང་གསེབ་དར་རྒྱས་སྐོར་མཉམ་དུ་གླེང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-02-04

    ད་ལོའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ལ་བལྟས་ཚེ། བྱེད་ཐབས་མང་པོ་དོན་ཐོག་ཏུ་འཁྱོལ་ནས་ཕན་འབྲས་ཐོན་ཡོད་པ་དང་། གྲངས་གཞི་རེ་རེ་ལས་མི་རྣམས་ལ་འབད་འབུངས་མདུན་སྐྱོད་བྱ་རྒྱུའི་སྐུལ་མ་ཐེབས་པ། དམིགས་ཚད་རེ་རེ་གནད་ལ་འཁེལ་ཞིང་ཁ་གསལ་བ་སོགས། ཡིག་ཕྲེང་དང་ཡིག་འབྲུ་རེ་རེའི་གསེང་ནས་རང་ལྗོངས་ཀྱི་འདས་ཟིན་པའི་ལོ་གཅིག་དང་དེ་བཞིན“ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་འཕེལ་རྒྱས་ཀྱི་གྲུབ་འབྲས་མངོན་པ་མ་ཟད། “ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཚུགས་ལོའི་འཕེལ་རྒྱས་ཀྱི་འཆར་གཞི་ཡང་གསལ་པོར་མངོན་འོང་།

    “‘དམ་འཛིན་གཅིག་དང་སྐུལ་འདེད་གཉིས’གཏིང་ཟབ་ཏུ་གཏོང་བ་དང་ཞིང་འབྲོག་པའི་རྣམ་པ་གསར་པ་གཏོདཔའི་བྱ་སྤྱོད་སྤེལ་ཏེ། ས་མཐོའི་མཛེས་མཐུན་གྲོང་གསེབ་180གསར་དུ་བསྐྲུན་ཡོད། དབུལ་ལོག་དང་དབུལ་འགྱུར་སྔོན་འགོག་བྱེད་པའི་རྒྱུན་རྣམ་ཅན་གྱི་ལྟ་ཞིབ་ཚད་ལེན་ཏན་ཏིག་བྱས་པ་དང་དབུལ་སྒྲོལ་མི་འབོར་གྱི་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་12.1%འཕར་ཡོད”

    “ཞིང་འབྲོག་པ་མི་ཁྲི་66ལས་ཞུགས་གཞན་སྒྱུར་བྱས་པར་ངལ་ནུས་ཡོང་འབབ་སྒོར་དུང་ཕྱུར་75.4ཟིན་ཡོད”

    གྲངས་གཞི་ལས་འཕེལ་རྒྱས་བྱུང་ཚུལ་མངོན་པ་དང་གཏམ་རྒྱུད་ལས་ཐོག་མའི་བསམ་འདུན་མཚོན་པ། རང་ལྗོངས་ཀྱི་གྲོང་གསེབ་དར་རྒྱས་ཀྱི་གོམ་སྟབས་བརྟན་པོ་དེ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་སྲིད་གྲོས་ཨུ་ཡོན་རང་ངོས་ཀྱི་མྱོང་བའི་ཁྲོད་དུ་དེ་བས་གསོན་ཉམས་དོད་པོར་གྱུར་ཞིང་། ཁོང་ཚོས་གཞི་རིམ་དུ་རྩ་བ་ཚུགས་ནས་ས་མཐོའི་གྲོང་གསེབ་དར་རྒྱས་ཀྱི་རྣམ་པ་གསར་པ་མངོན་པར་བྱས་ཡོད།

    ལོ་མང་རིང་། ཏང་དང་སྲིད་གཞུང་གི་ཁྲིད་སྟོན་འོག བྱེ་པ་གྲོང་ཚོས། བྲག་གསུམ་མཚོ་མཛེས་ལྗོངས་ཁུལ་གྱི་ས་བབ་ཀྱི་ལེགས་ཆར་བརྟེན་ནས་སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་ཤུགས་ཆེན་བཏང་བ་བརྒྱུད། ས་གནས་དེ་གའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ནུས་ལྡན་ཐུབ་པ་མ་ཟད། ཁྱིམ་ཚང་ཚང་མར་སྐྱེ་ཁམས་ཀྱི་ཡོང་འབབ་གསོག་རྒྱུའང་བྱུང་ཡོད།

    ཐོན་ལས་འཕེལ་རྒྱས་དང་ཐུན་མོང་འབྱོར་ཕྱུག་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་ཆེད། བྱེ་པ་གྲོང་ཚོས་ཏང་ཀྲི་པུའུ་དང་། ཁེ་ལས། ཞིང་དུད་བཅས་ཟུང་དུ་འབྲེལ་བའི་མཉམ་སྐྲུན་བྱེད་སྟངས་ཁྱབ་སྤེལ་བཏང་ནས། ཐོན་ལས་འཕེལ་རྒྱས་ཀྱི་ཁེ་སྤོགས་དང་ཡུལ་མིའི་བདེ་རྩར་ཐུག་པའི་ཁེ་ཕན་ཕན་ཚུན་ཟུང་འབྲེལ་དམ་ཟབ་བྱས་ཡོད། 2025ལོར་སྲོང་བཙན་བྲག་གསུམ་མཚོ་གླིང་ཁའི་གསོལ་མགྲོན་ཁང་ཁོ་ན་ལས་གྲོང་ཚོ་ཡོངས་ཀྱི་དུད་ཚང་147ལ་ཁེ་བཟང་སྒོར་ཁྲི་176.8ཙམ་བྱུང་ཡོད། ལོ་དེར་གྲོང་ཚོས་སྒོར་ཁྲི་5386བརྩོན་ལེན་བྱས་ཏེ་ཡུལ་མིའི་སྡོད་ཁང་སྒྱུར་བཀོད་དང་འགྲོ་ལམ་བདག་སྐྱོང་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱས་ནས་ཡུལ་སྐོར་འཕེལ་རྒྱས་ཀྱི་རྨང་གཞི་བརྟན་དུ་བཏང་ཡོད།

    བྱ་ཐབས་ཏན་ཏིག་སྤྱད་པར་གཡུར་ཟའི་གྲུབ་འབྲས་ཐོབ་པ་སྟེ། 2025ལོར་གྲོང་ཚོ་ཡོངས་ཀྱི་སྤྱིའི་ཡོང་འབབ་སྒོར་ཁྲི་2500ཟིན་ཞིང་། དེའི་ནང་ཡུལ་སྐོར་ཐོན་ལས་ཀྱི་ཡོང་འབབ་སྒོར་ཁྲི་2000ལས་བརྒལ་བ་དང་། ཡུལ་སྐོར་བ་མི་ཐེངས་ཁྲི་60ལ་སྣེ་ལེན་ཞུས་པ། མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་33700བར་འཕར་ནས། “ཀྲི་པུའུ་སྟོབས་ཆེན་དང་། ཐོན་ལས་དར་རྒྱས། གྲོང་གསེབ་མཛེས་པ། མང་ཚོགས་ཕྱུག་འགྱུར”བཅས་ཀྱི་གྲོང་གསེབ་དར་རྒྱས་ཀྱི་ལམ་བུ་ཞིག་བཏོད་ཡོད།

    ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས་གྲོང་གསེབ་ཀྱི་ཐོན་ལས་དར་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་ཞིང་། ཁྱད་ལྡན་ལག་ཤེས་བཟོ་ལས་ཀྱི་གཉེར་སྐྱོང་བྱེད་པོ་གསོ་སྐྱོང་ཤུགས་ཆེན་བྱས་པ་དང་། ཐོན་ལས་རོགས་སྐྱོར་མ་དངུལ་དོན་འཁྱོལ་ཧུར་ཐག་བྱས་པ། ཁྲོམ་ར་ཅན་གྱི་གཉེར་སྐྱོང་དང་། དྲ་ཐོག་ཚོང་དོན། སྤུས་རྟགས་འཛུགས་གཏོད་སོགས་ཆེད་ལས་གསོ་སྦྱོང་སྒྲིག་འཛུགས་བྱས་ཏེ། སྲོལ་རྒྱུན་གྱི་ལག་ཤེས་བཟོ་རྩལ་ཐོན་རྫས་ཕྱིར་ཚོང་ཐབས་ལམ་རྒྱུན་ཆད་མེད་པར་རྒྱ་བསྐྱེད་ཡོད། “ལག་རྩལ་རྙིང་པ་ཡིན་ནའང་འགྱུར་ལྡོག་ཕྲན་བུ་གཏོང་དགོས། སྲིད་ཇུས་བཟང་པོའི་རོགས་སྐྱོར་འོག་ང་ཚོས་ཁྲོམ་རའི་རྗེས་སུ་དམ་པོར་བསྙེགས་ནས་ལག་རྩལ་པའི་ཡོང་འབབ་འཕར་ཐུབ་པ་མ་ཟད། གྲོང་གསེབ་དར་རྒྱས་ཡོང་བར་གཡས་གཞོགས་གཡོན་འདེགས་ཐུབ་པའང་བྱེད་དགོས”ཞེས་བསྟན་པ་རྡོ་རྗེས་ཡིད་ཆེས་ཀྱིས་ཁེངས་བཞིན་བཤད།

    རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། མངའ་རིས་ས་ཁུལ་སྒེར་ཙེ་རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རྫོང་དཔོན་བཅས་ཡིན་པའི་ཆོས་པས་2021ལོ་ནས་ད་བར་རྫོང་ཡོངས་ཀྱི་ནོར་སྲིད་ཀྱི་ཞིང་ལས་དང་འབྲེལ་བའི་བསྡུ་སྒྲིལ་མ་དངུལ་སྒོར་དུང་ཕྱུར་3.12ཟིན་ནས་མིའི་འཚོ་སྡོད་ཁོར་ཡུག་བཅོས་སྒྲིག་གྲོང་ཚོ་དང་དེ་བཞིན་གནས་འཕྲོད་ལས་འཚམ་ཀྱི་ས་མཐོའི་མཛེས་མཐུན་གྲོང་གསེབ་19བདེ་བླག་ངང་བསྐྲུན་ཡོད། རྫོང་ཡོངས་ཀྱིས་ད་དུང་ཐབས་ལམ་སྣ་ཚོགས་བརྒྱུད་མ་དངུལ་སྒོར་དུང་ཕྱུར་4.24གྲབས་གསོག་བྱས་ཏེ། འོ་མ་ཤང་འཆམ་གུག་གྲོང་ཚོར་སྔོན་ལ་ཚོད་ལྟ་བྱས་ནས་ཚྭ་མཚོ་གྲོང་ཚོ་དང་སྤུན་གསུམ་གྲོང་ཚོའི་ཞིང་པའི་སྡོད་ཁང་སྒྱུར་བཀོད་དང་དེང་རབས་ཅན་གྱི་གྲོང་ཚོ་འཛུགས་སྐྲུན་ལས་དོན་ལ་སྐུལ་འདེད་བཏང་ཡོད་ཅེས་ངོ་སྤྲོད་གནང་བ་རེད།

    གོམ་སྟབས་རྗེས་མའི་འཕེལ་རྒྱས་འཆར་འགོད་སྐོར་གླེང་སྐབས། ཆོས་པས་རྫོང་ཡོངས་ཀྱིས་འོ་མ་ཤང་ཟངས་མ་ལུང་གྲོང་ཚོ་དང་། མ་མིག་ཤང་ཞིང་ཆེན་གྲོང་ཚོ། མ་མིག་ཤང་རྒོད་ཚང་གྲོང་ཚོ་བཅས་གསུམ་གནས་འཕྲོད་ལས་འཚམ་ཀྱི་ས་མཐོའི་མཛེས་མཐུན་གྲོང་གསེབ་ལ་ནུས་ཤུགས་ཡོད་རྒྱུས་བསྐྲུན་རྒྱུ་དང་། སྔོན་དཔག་བྱས་ན་ཟླ་4པའི་ཟླ་མཇུག་ཏུ་ཕྱོགས་ཡོངས་ནས་འགོ་འཛུགས་རྒྱུ་རེད། རྫོང་ཡོངས་ཀྱི་གྲོང་ཚོ(སྡེ་ཁུལ)ལྷག་མ་24ཡི་འཛུགས་སྐྲུན་བཀོད་པ་དེ“ལོ་ལྔ་ཚན་བཅོ་ལྔ་པའི”སྤྱི་ཡོངས་ཀྱི་འཆར་འགོད་ནང་བཅུག་ཟིན། དེའི་ཁྲོད་ནས་གྲོང་ཚོ་19མཛེས་མཐུན་གྲོང་གསེབ་ཀྱི་འཆར་འགོད་ནང་བཅུག་པ་དང་གྲོང་ཚོ་5མིའི་འཚོ་སྡོད་ཁོར་ཡུག་བཅོས་སྒྲིག་ཁྱབ་ཁོངས་སུ་བཅུག་ཡོད་ཅེས་གསུངས། 

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།