མཚོ་སྔོན་ཞིང་ཆེན་ཆུ་བེད་ཐིང་ཏང་ཙུའི་དེ་སྔའི་ཁོངས་མི་དང་ཐིང་ཀྲང་གཞོན་པ་ཝང་ཡུང་ཤང་ཏང་གི་སྐྱིད་སྡུག་དང་གཞུང་གི་ལས་གནས་ནས་ཕུད་པ།
ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་2ཚེས་2ཉིན་གློག་འཕྲིན་འབྱོར་གསལ། མཚོ་སྔོན་ཞིང་ཆེན་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་ཟླ་2ཚེས་2ཉིན་བརྡ་ཁྱབ་བཏང་བ་ལྟར་ན། མཚོ་སྔོན་ཞིང་ཆེན་ཆུ་བེད་ཐིང་གི་ཏང་ཙུའི་དེ་སྔའི་ཁོངས་མི་དང་ཐིང་ཀྲང་གཞོན་པ་ཝང་ཡུང་ཤང་གིས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པས་ཏང་གི་སྐྱིད་སྡུག་དང་གཞུང་གི་ལས་གནས་ནས་ཕུད་པ་རེད།
བརྟག་དཔྱད་བྱས་པ་བརྒྱུད། ཝང་ཡུང་ཤང་གི་ཕུགས་བསམ་དང་དད་སེམས་ཉམས་པ་དང་། ཐོག་མའི་བསམ་འདུན་དང་འགན་འཁྲི་རྒྱབ་ཏུ་བསྐྱུར་པ། ཏང་ལ་བློ་དཀར་སེམས་དཀར་མིན་པ། ངན་སེམས་བཅངས་ནས་རྩ་འཛུགས་ཀྱི་ཞིབ་བཤེར་ལ་འགོག་རྒོལ་བྱས་པ། རྨོངས་དད་ཀྱི་བྱེད་སྒོ་སྤེལ་བ་བཅས་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་སྣང་མེད་དུ་བཞག་ནས་དྲང་བདེན་ངང་གཞུང་དོན་སྒྲུབ་པར་ཤུགས་རྐྱེན་ཐེབས་སྲིད་པའི་གསོལ་སྟོན་དང་ལེན་བྱས་པ་དང་། སྤྱོད་གཙང་གི་མཐའ་ཚད་ཤོར་ནས་སྒྲིག་འགལ་གྱིས་ལག་རྟགས་དང་འབུལ་རྟེན་བླངས་པ། འགན་དབང་བེད་སྤྱད་དེ་གཉེན་ཉེར་ཁེ་ཕན་བསྐྲུན་པ། ལས་ཀའི་འགན་འཁྲི་ཡང་དག་པར་མ་ཁུར་བ། ལས་གྲྭའི་རྣམ་གྲངས་འགན་གཙང་སྤྲོད་ལེན་ལ་སྒྲིག་འགལ་ངང་ཐེ་ཇུས་བྱས་པ། ཐ་ཤལ་ཞེན་ཆགས་ལ་དགའ་བ། རྟག་ཏུ“རྒྱན་འཛུགས”མཱ་ཅང་རྒྱག་པ། རྒྱུ་དབང་བརྗེ་ཚོང་ཆེན་པོ་བྱས་པ། ལས་གྲྭའི་རྣམ་གྲངས་འགན་གཙང་སོགས་ཀྱི་ཐད་ལས་གནས་ཀྱི་སྟབས་བདེ་སྤྱད་དེ་མི་གཞན་ལ་ཁེ་ཕན་བསྐྲུན་པ་མ་ཟད། ད་དུང་ཁྲིམས་འགལ་ངང་རྒྱུ་ནོར་འབོར་ཆེན་བླངས་པ་བཅས་རེད།
ཝང་ཡུང་ཤང་ཏང་གི་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་། སྤྱོད་གཙང་གི་སྒྲིག་ཁྲིམས། ལས་ཀའི་སྒྲིག་ཁྲིམས། འཚོ་བའི་སྒྲིག་ཁྲིམས་བཅས་ལས་ཚབས་ཆེན་འགལ་ནས་ལས་གནས་ཀྱི་ཁྲིམས་འགལ་ཚབས་ཆེན་དང་ལྐོག་རྔན་བླངས་པའི་ཉེས་གསོག་གི་དོགས་གཞི་ཡོད་པ་མ་ཟད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་རྗེས་སུ་ཡང་མཚམས་ཚོད་མེད་པར་ངོ་བོ་ཚབས་ཆེན་དང་ཤུགས་རྐྱེན་ངན་པ་ཡིན་པས་ཐག་གཅོད་ནན་པོ་བྱེད་དགོས། 《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》དང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལྟ་ཞིབ་བཅའ་ཁྲིམས》《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ལས་པའི་སྲིད་དོན་ཆད་གཅོད་བཅའ་ཁྲིམས》སོགས་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། ཀྲུང་གུང་མཚོ་སྔོན་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའི་ཐོག་ཞིབ་འཇུག་བྱས་པ་དང་འབྲེལ་ཀྲུང་གུང་མཚོ་སྔོན་ཞིང་ཨུད་ལ་ཕུལ་ནས་ཆོག་མཆན་སྤྲད་པ་བརྒྱུད། ཝང་ཡུང་ཤང་ཏང་གི་སྐྱིད་སྡུག་ནས་འབུད་པའི་ཆད་པ་གཅོད་རྒྱུའི་ཐག་བཅད་པ་དང་། མཚོ་སྔོན་ཞིང་ཆེན་ལྟ་ཞིབ་ཨུ་ལྷན་གྱིས་གཞུང་སྒྲིག་ནས་འབུད་པའི་ཆད་པ་བཅད་པ། ཁོ་པས་སྒྲིག་འགལ་ཁྲིམས་འགལ་བྱས་ནས་ཐོབ་པའི་ཐོབ་ཆ་ཚང་མ་ཚུར་བསྡུ་རྒྱུ། ཁོ་པ་དང་འབྲེལ་བ་ཡོད་པའི་ཉེས་གསོག་གནད་དོན་ཚང་མ་ཞིབ་དཔྱོད་ལས་ཁུངས་ལ་ཁྲིམས་ལྟར་ཞིབ་བཤེར་དང་ཁྲིམས་སྦྱོར་བྱ་རྒྱུར་སྤྲོད་རྒྱུ་དང་དེ་འབྲེལ་གྱི་རྒྱུ་ནོར་ཡང་མཉམ་དུ་རྩིས་སྤྲོད་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།