ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་སྨན་རི་གྲོང་ཚོར།
གྲོང་སྡོད་ལས་བྱེད་པའི་རོགས་རམ་འོག་སྔོ་ཚལ་བྲིན་ཁ་རྒྱུག་པོ་བྱུང་བ།
བོད་རང་སྐྱོང་ལྗོངས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་སྨན་རི་ཤང་སྨན་རི་གྲོང་ཚོ་ནི་ཡར་ཀླུང་གཙང་འགྲམ་གྱི་གང་སར་སྐད་གྲགས་ཆོད་པའི་ཤིང་ཏོག་དང་སྔོ་ཚལ་ཐོན་ཡུལ་གཙོ་བོ་ཞིག་ཡིན་ཞིང་། ན་ནིང་གི་སྟོན་དུས་སྔོ་ཚལ་གཅིག་སྡུད་ངང་ཁྲོམ་རར་འདོན་སྐབས་སྔོ་ཚལ་ལྡུམ་རའི་ནང་གི་གང་སར་སྤུངས་པའི་ཏུང་ཀྭ་དང་སྔོ་ཚལ་སོས་པའི་རིགས་ཕྱིར་ཚོང་ཇི་ལྟར་བྱེད་པའི་ཐད་ལ་ས་གནས་དེ་གའི་འདེབས་འཛུགས་དུད་ཚང་ལ་སེམས་ཁྲལ་ཆེན་པོ་བྱུང་ཡོད།
“ཀྭ་རིགས་དང་སྔོ་ཚལ་ཚང་མ་སོས་པ་སོས་རྐྱང་ཡིན་དུས་ཁྲོམ་རར་འདོན་པའི་སྐབས་ཡག་ཤོས་ཡིན་པས་ངེས་པར་དུ་དུས་ཐོག་ཏུ་བསྡུ་དགོས། འོན་ཀྱང་ང་ཚོ་སོ་སོས་མང་པོ་བཙོང་མ་ཐུབ་སྟབས་ཀྭ་རིགས་དང་སྔོ་ཚལ་མང་པོ་ཞིག་འཕྲོ་བརླག་ཏུ་འགྲོ་གི་འདུག”ཅེས་སྔོ་ཚལ་འདེབས་མཁན་ཞིང་པ་ཚོས་གསར་འགོད་པར་སྐབས་དེ་དུས་ཀྱི་གནས་ཚུལ་བཤད། འདེབས་འཛུགས་དུད་ཚང་གི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཐག་གཅོད་བྱ་ཆེད། གྲོང་སྡོད་ལས་དོན་རུ་ཁག་དང་གྲོང་ཚོའི“ཨུ་ལྷན་གཉིས”ཀྱིས་གྲོས་མོལ་བྱས་མཐར་ཉིང་ཁྲི་གྲོང་ཁྱེར་མཁོ་ཚོང་མཉམ་ལས་ཁང་དང་རང་འགུལ་ངང་འབྲེལ་གཏུག་བྱས་ཏེ་ཞིང་ནང་ནས་ཁྲོམ་རའི་བར་གྱི“ཐད་ཚོང”བགྲོད་ལམ་ཧུར་ཐག་བཏོད་ཡོད།
མཉམ་ལས་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གཏོང་ཆེད། ཉིང་ཁྲི་གྲོང་ཁྱེར་མཁོ་ཚོང་མཉམ་ལས་ཁང་གི་ལས་དོན་པས་སྨན་རི་གྲོང་ཚོའི་སྔོ་ཚལ་རྟེན་གཞིར་ཡོང་ནས་ཡུལ་དངོས་སུ་རྟོག་ཞིབ་བྱས་པ་དང་། གྲོང་སྡོད་ལས་དོན་རུ་ཁག་གིས་ཡུལ་དངོས་སུ་སྔོ་ཚལ་འདེབས་འཛུགས་ཀྱི་ཚད་གཞི་དང་། སྤུས་ཀ མཁོ་སྤྲོད་ནུས་པ་བཅས་ངོ་སྤྲོད་བྱས་ནས་བསྡུས་མ་ཐག་པའི་སྔོ་ཚལ་སོས་པའི་རིགས་བསྟན་པ་དང་། གྲོས་མོལ་ཐེངས་མང་བྱས་པ་བརྒྱུད་ཕྱོགས་གཉིས་པོས་ཉོ་སྒྲུབ་འདོད་མོས་བཞག་པ་རེད།
གནད་སྨིན་འཐུས་ཚང་གི“ཉོ་སྒྲུབ་དང་། མཛོད་ཉར། སྡེབ་སྐྱེལ་བཅས་ཟུང་དུ་འབྲེལ་བའི”མཁོ་སྤྲོད་འཁོར་འབྲེལ་མ་ལག་ལ་བརྟེན་ནས། ཉིང་ཁྲི་གྲོང་ཁྱེར་མཁོ་ཚོང་མཉམ་ལས་ཁང་དང་འདེབས་འཛུགས་དུད་ཚང་གིས་དགོས་མཁོ་ལྟར་གཏན་འཁེལ་བའི་ས་ཆ་ནས་འཐོག་པ་དང་གཅིག་གྱུར་གྱིས་སྡེབ་སྐྱེལ་བྱེད་པའི་གཏན་འཇགས་ཉོ་སྒྲུབ་བྱེད་སྟངས་བརྒྱུད་སྨན་རི་གྲོང་ཚོའི་སྔོ་ཚལ་ཞིང་པའི་ཚོང་ལམ་དོག་པ་དང་། སྐྱེལ་འདྲེན་དཀའ་བ། མ་རྩ་ལོག་དཀའ་བ་བཅས་ཀྱི་གནད་དོན་ཐག་གཅོད་ནུས་ལྡན་བྱས་ཡོད།
མིག་སྔའི་བར་སྨན་རི་གྲོང་ཚོས་མཁོ་ཚོང་མཉམ་ལས་ཁང་བརྒྱུད་རིམ་རྩིས་བརྒྱབ་ན་སྔོ་ཚལ་ཞིང་པར་སྔོ་ཚལ་ཏུན་41བཙོང་རོགས་བྱས་ཡོད། “གོམ་སྟབས་རྗེས་མར་ང་ཚོས་མཁོ་ཚོང་མཉམ་ལས་ཁང་དང་མུ་མཐུད་མཉམ་ལས་ཡག་པོ་བྱེད་པ་དང་། མཉམ་ལས་ཁང་དང་། མཁོ་ཚོང་མཉམ་ལས་ཁང་། ཞིང་དུད་བཅས་ཟུང་དུ་འབྲེལ་བའི་ཕུགས་ཕན་ལམ་སྲོལ་འཚོལ་ཞིབ་བྱས་ཏེ། ཁྲོམ་རའི་དགོས་མཁོ་གཞིར་བཟུང་མང་ཚོགས་ལ་འདེབས་འཛུགས་གྲུབ་ཆ་ལེགས་སུ་གཏོང་རྒྱུར་ཁྲིད་སྟོན་དང་། ཡུལ་དེ་གའི་སྔོ་ཚལ་ཐོན་ལས་འཕེལ་རྒྱས་ཡག་པོ་ཡོང་བར་སྐུལ་འདེད་བཏང་ནས་འདེབས་འཛུགས་དུད་ཚང་གི་ཡོང་འབབ་འཕར་གང་ཐུབ་བྱེད་ཀྱི་ཡིན”ཞེས་སྨན་རི་གྲོང་ཚོར་བཅའ་སྡོད་བྲག་ཡིབ་ཆུས་ཞིང་ལས་གྲོང་གསེབ་ཅུས་ཀྱི་ལས་དོན་རུ་ཁག་གི་ཧྲུའུ་ཅི་དང་པོ་དང་རུ་དཔོན་གཅིག་ལྕོགས་ཅང་ཝེ་ཞིའུ་ཡིས་བཤད།
འབྲེལ་ཡོད་གསར་འགྱུར།