དབུ་ཤོག>གསར་འགྱུར།>དམངས་འཚོ།
  • ཞབས་ཞུ་མྱུར་ལ་སྐྱིད་སྣང་དོད་པོ་ཡོང་བར་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-02-03

    འདི་ནི་གྲོང་མིས་ལྷ་ས་གྲོང་ཁྱེར་གཙང་ཤིན་གཞུང་དཔང་ཁྲུའུ་རུ་གཞུང་དཔང་ལས་སྒོ་གཉེར་བཞིན་པ།

    2025ལོ་ནི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་དཔང་བཅའ་ཁྲིམས》ཁྱབ་བསྒྲགས་ལག་བསྟར་བྱས་ནས་ལོ་20འཁོར་བའི་ལོ་ཞིག་ཡིན་ཞིང་། ལོ་20ཡི་རིང་། གཞུང་དཔང་ལམ་ལུགས་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ་དང་། འགལ་བ་དང་རྩོད་གཞི་སྔོན་འགོག་དང་སེལ་བ། མི་དམངས་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་འགན་སྲུང་བྱེད་པ། སྤྱི་ཚོགས་དྲང་གཞག་དྲང་བདེན་ལ་སྲུང་སྐྱོང་བྱེད་པ་སོགས་ཀྱི་ཐད་ཚབ་བྱེད་ཐབས་བྲལ་བའི་ནུས་པ་གལ་ཆེན་བཏོན་ཡོད། ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱི་གཞུང་དཔང་ལས་རིགས་ཀྱིས་ཐོག་མཐའ་བར་གསུམ་དུ་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ཏེ། ཞབས་ཞུ་སྒྲུབ་སྟངས་གསར་གཏོད་དང་ཞབས་ཞུའི་བརྒྱུད་རིམ་རྒྱུན་ཆད་མེད་པར་ལེགས་སུ་བཏང་ནས“སྐར་ཁུང་ཆུང་ཆུང”ལ་གཞི་ཚུགས་པ་དང“ཞབས་ཞུ་ཡག་པོ”བསྒྲུབས་ཏེ། གཞུང་དཔང་ཞབས་ཞུའི་སྤུས་ཚད་མཐོ་རུ་དང་སྤྱི་རྟོན་རྒྱུན་ཆད་མེད་པར་ཆེ་རུ་བཏང་བས། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་སྐྱིད་སྣང་དང་། བདེ་འཇགས་ཚོར་སྣང་། བློ་ཡིད་ཚིམ་ཚད་བཅས་དངོས་འབྲེལ་ཆེ་རུ་སོང་ཡོད།

    དཔང་འཕྲི་དམངས་ཕན་གྱི་བྱ་སྤྱོད་གཏིང་ཟབ་སྤེལ་ཏེ།

    ཞབས་ཞུ་ཡག་པོར་བརྟེན་ནས་ཁྲིམས་སྐྱོང་གི་དྲོ་སྐྱིད་སྦྱིན་པ།

    ཉེ་ཆར། གསར་འགོད་པས་ལྷ་ས་གྲོང་ཁྱེར་ཉི་འོད་གཞུང་དཔང་ཁྲུའུ་ཡི་ལས་སྒྲུབ་ཚོམས་ཆེན་ནས་ལས་སྒོ་སྒྲུབ་པར་ཡོང་མཁན་མང་ཚོགས་རྒྱུན་ཆད་རྒྱུ་མེད་པ་དང་ལས་སྒྲུབ་སྐར་ཁུང་གི་ལས་དོན་པས་གཞུང་དཔང་རེ་ཞུ་སྣ་ཚོགས་གོ་རིམ་ལྡན་པའི་ངང་ཐག་གཅོད་བྱེད་པའི་ལས་ཀ་སྒྲུབ་སྟངས་བཟང་པོ་ཞིག་མཐོང་བྱུང་། ལྷ་ས་གྲོང་ཁྱེར་ཉི་འོད་གཞུང་དཔང་ཁྲུའུ་ཡི་ཀྲུའུ་རེན་གཞོན་པ་ཧོ་ཅུན་གྱིས། 2008ལོའི་ཟླ་6པར། དེ་སྔའི་རང་སྐྱོང་ལྗོངས་གཞུང་དཔང་ཁྲུའུ་དང་ལྷ་ས་གྲོང་ཁྱེར་གཞུང་དཔང་ཁྲུའུ་ཟླ་སྒྲིལ་བཏང་ནས་ལྷ་ས་གྲོང་ཁྱེར་ཉི་འོད་གཞུང་དཔང་ཁྲུའུ་བཙུགས་པ་དང་། དེ་བཙུགས་ཚུན“དམངས་ལ་དཔང་ཡིག་གཉེར་བའི”བྱེད་ཕྱོགས་ཐོག་མཐའ་བར་གསུམ་དུ་ལག་བསྟར་དོན་འཁྱོལ་བྱེད་པ་དང“མང་ཤོས་ལ་ཐེངས་གཅིག་ལས་སྐྱོད་མི་དགོས་པའི”སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་བཏང་ནས། མི་དམངས་མང་ཚོགས་ལ་སྤུས་ལེགས་དང་། ནུས་ཆེ། སྟབས་བདེ་བཅས་ཀྱི་གཞུང་དཔང་བཅའ་ཁྲིམས་ཀྱི་ཞབས་ཞུ་སྒྲུབ་པར་གཞོལ་ཏེ། གཞུང་དཔང་གི“དྲོ་འཇམ་ཉི་འོད”མང་ཚོགས་ལ་དེ་བས་འཕྲོ་བར་བྱས་ཡོད་ཅེས་ངོ་སྤྲོད་བྱས།

    གསར་འགོད་པས་ཤེས་རྟོགས་བྱས་པར། ལྷ་ས་གྲོང་ཁྱེར་ཉི་འོད་གཞུང་དཔང་ཁྲུའུ་ཡིས་ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། གཞུང་དཔང་དང་ལག་ཁྱེར་གཉེར་བའི་གོ་རིམ་ཚད་ལྡན་དུ་བཏང་ནས་ལྷ་སའི་རྫོང་དང་ཆུས་ཁག་ཏུ་ཞབས་ཞུ་ས་ཚིགས་བཙུགས་པ་དང་། གཞུང་དཔང་ཞབས་ཞུ་དེ་མང་ཚོགས་ཀྱི་སྒོ་འགྲམ་བར་སྣུར་སྲིང་བྱས་ནས་ཐག་རིང་ས་ཁུལ་གྱི་མང་ཚོགས་ལག་ཁྱེར་གཉེར་དཀའ་བ་དང་ལམ་ཐག་རིང་བ་སོགས་ཀྱི་གནད་དོན་ཐག་གཅོད་ནུས་ལྡན་བྱས་ཡོད། དེ་དང་ཆབས་ཅིག ཐོགས་མེད་ཞབས་ཞུའི་བགྲོད་ལམ་ཧུར་ཐག་བཏོད་དེ་དཀའ་ངལ་ཡོད་པའི་མང་ཚོགས་དང་དབང་པོ་སྐྱོན་ཅན་སོགས་ལ་སྔོན་ལ་ཞབས་ཞུ་དང་སྒོ་རྩར་ཞབས་ཞུ་མཁོ་འདོན་བྱས་པ་ལས་དམངས་ཕན་ཞབས་ཞུ་དེ་མང་ཚོགས་ཀྱི་སེམས་སུ་དངོས་འབྲེལ་ཟུག་ཐུབ་ཡོད།

    2008ལོ་ནས་ད་བར། ལྷ་ས་གྲོང་ཁྱེར་ཉི་འོད་གཞུང་དཔང་ཁྲུའུ་ཡིས་གཞུང་དཔང་ལས་སྒོ་བསྡོམས་ཁྲི་10ལྷག་ཙམ་བསྒྲུབས་ཡོད་པ་དེ་དག་དཔལ་འབྱོར་དང་། དམངས་དོན། ཕྱི་འབྲེལ་སོགས་ཁྱབ་ཁོངས་མང་པོ་དང་འབྲེལ་བ་ཡོད། དེའི་ནང་རྒྱུན་འཛིན་དང་། མངགས་བཅོལ། ཞལ་འདེབས་སོགས་མང་ཚོགས་ཀྱི་རྒྱུན་གཏན་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད་པ་ཚུད་ཡོད།

    ཞབས་འདེགས་ཞུ་སྟངས་གསར་གཏོད་བྱས་ཏེ།

    “གཞུང་དཔང་དང་ཁྲིམས་ཁང”ཟུང་འབྲེལ་གྱི་རྩོད་གཞི་སེལ་སྟངས་འཚོལ་ཞིབ་བྱས་པ།

    ཉེ་ཆར། གསར་འགོད་པ་ལྷ་ས་གྲོང་ཁྱེར་གཙང་ཤིན་གཞུང་དཔང་ཁྲུའུ་རུ་སླེབས་སྐབས། ལས་སྒྲུབ་ཚོམས་ཆེན་གྱི་གྱང་ངོས་སུ“ཁྲིམས་ལྟར་ལས་གཉེར་དང་། ཚད་ལྡན་ངང་ལག་ཁྱེར་གཉེར་བ། དམངས་ཕན་དམངས་བདེ”ཞེས་པའི་སྦྱར་ཡིག་མངོན་གསལ་དོད་ཅིང་། ལས་དོན་པས་དཔྱད་གཞིའི་ཡིག་ཆ་ཁག་ལ་ཞིབ་དཔྱད་བྱེད་བཞིན་ཡོད་པ་དང་། གྲོང་མི་མང་པོ་ཞིག་བང་བསྒྲིགས་ནས་གཞུང་དཔང་ལས་སྒོ་གཉེར་རྒྱུ་བསྒུག་ནས་སྡོད་པ་མཐོང་། ལྷ་སའི་གྲོང་མི་བློ་ལགས་ཀྱིས་གསར་འགོད་པར“དེ་རིང་མངགས་བཅོལ་གཞུང་དཔང་ལས་སྒོ་གཉེར་བར་ཡོང་བ་ཡིན། ལས་དོན་པས་འཕྲལ་མར་ཞིབ་དཔྱད་བྱས་པས་ལམ་སེང་གཉེར་ཚར་སོང་། དངོས་གནས་སྟབས་བདེ་པོ་འདུག”ཅེས་བཤད།

    གསར་འགོད་པར་ཤེས་རྟོགས་བྱུང་བར་གཞིགས་ན། ལྷ་ས་གྲོང་ཁྱེར་གཙང་ཤིན་གཞུང་དཔང་ཁྲུའུ་2018ལོར་བཙུགས་ཤིང་། དེ་ནི་རང་ལྗོངས་ཀྱི་མཉམ་ལས་ལམ་ལུགས་ཀྱི་གཞུང་དཔང་སྒྲིག་གཞི་ཐོག་མ་དེ་ཡིན་ལ། རང་ལྗོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་ཁོངས་གཏོགས་ཀྱི་གཞུང་དཔང་གི་རྩ་འཛུགས་རྣམ་པ་གསར་གཏོད་བྱས་པ་ཞིག་དང་། གཞུང་དཔང་སྒྲིག་གཞི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་ཀྱང་ཡིན། ལྷ་ས་གྲོང་ཁྱེར་གཙང་ཤིན་གཞུང་དཔང་ཁྲུའུ་བཙུགས་པ་ནས་བཟུང་། ཐོག་མཐའ་བར་གསུམ་དུ་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་ཕྱོགས་མཐའ་འཁྱོངས་བྱས་ཏེ་དོན་དངོས་ཀྱི་དགོས་མཁོ་དང་ཟུང་འབྲེལ་གྱིས་ཞབས་འདེགས་ཞུ་སྟངས་ཟམ་མི་ཆད་པར་གསར་གཏོད་བྱས་ནས་མང་ཚོགས་ལ་དེ་བས་དམིགས་སའི་རང་བཞིན་ལྡན་པ་དང་དེ་བས་འབྲེལ་འདྲིས་ཆེ་བའི་གཞུང་དཔང་ཞབས་ཞུ་མཁོ་འདོན་བྱས་ཡོད། ལྷ་ས་གྲོང་ཁྱེར་གཙང་ཤིན་གཞུང་དཔང་ཁྲུའི་ཀྲུའུ་རེན་ཝེ་ཐུང་ཀྲེང་གིས་ངོ་སྤྲོད་བྱས་པར་གཞིགས་ན། 2018ལོ་ནས་ད་བར་ལྷ་ས་གྲོང་ཁྱེར་གཙང་ཤིན་གཞུང་དཔང་ཁྲུའུ་ཡིས་གཞུང་དཔང་ལས་དོན་ཁག་20317བསྒྲུབས་པའི་ནང་དཔལ་འབྱོར་རིགས་ཀྱི་ལས་དོན་2375དང་དམངས་དོན་རིགས་ཀྱི་ལས་དོན་17839ཡོད་ཅིང་། གཞུང་དཔང་གི་ཁྲིམས་གཏན་འཁེལ་བའི་འགན་འཁྲི་ལག་བསྟར་ཏན་ཏིག་བྱས་པ་བརྒྱུད། མང་ཚོགས་ཀྱི་ཁེ་དབང་སྲུང་སྐྱོང་དང་སྤྱི་ཚོགས་ཀྱི་སྒྲིག་ལམ་བརྟན་སྲུང་ལ་ཁྲིམས་སྐྱོང་གི་འདེགས་སྐྱོར་བྱས་ཡོད།

    གཞན་ཡང་། ཞབས་ཞུའི་དྲ་བ་སྣུར་སྲིང་བྱ་ཆེད། ལྷ་ས་གྲོང་ཁྱེར་གཙང་ཤིན་གཞུང་དཔང་ཁྲུའུ་ཡིས་ད་དུང“དྲ་སྦྲེལ་དང་གཞུང་དཔང” ཟུང་འབྲེལ་གྱི་བྱེད་སྟངས་ལ་བརྟེན་ནས་མང་ཚོགས་ཀྱི་སྒོ་འགྲམ་དུ་གཞུང་དཔང་ཞབས་ཞུ་བསྒྲུབས་པ་དང་གཞུང་དཔང་གི་ལས་དོན་མང་པོ་ཞིག་དྲ་ཐོག་ནས་བསྒྲུབས་ཐུབ་ཀྱི་ཡོད་པས། མང་ཚོགས་ཀྱིས་ལས་སྒོ་གཉེར་སྐབས“ཕར་རྒྱུག་ཚུར་རྒྱུག་བྱེད་མི་དགོས་པར་ཐག་ཉེ་ས་ནས་སྒྲུབ་ཐུབ་པ”བྱུང་ཡོད་ཅེས་ཝེ་ཐུང་ཀྲེང་གིས་གསར་འགོད་པར་བཤད་པ་དང་། ཁོང་གིས“ང་ཚོས་དྲ་ཐོག་ཞབས་ཞུའི་བརྒྱུད་རིམ་ལེགས་སུ་བཏང་སྟེ་ངོ་རིས་དབྱེ་བཤེར་ལག་རྩལ་ལ་བརྟེན་ནས་དོ་བདག་གིས་དྲ་ཐོག་ནས་གཞུང་དཔང་གི་ལས་སྒོ་གཉེར་ཆོག་ལ། གཞུང་དཔང་བས་ཀྱང་དྲ་ཐོག་ནས་ཞིབ་དཔྱད་བྱེད་ཆོག་པས་ཞབས་ཞུའི་ལས་ཕྱོད་ཆེ་རུ་ཤུགས་ཆེན་ཕྱིན་ཡོད”ཅེས་བཤད།

    དམངས་ཕན་བྱ་ཐབས་ལག་ལེན་བསྟར་ཏེ།

    ལྗོངས་ཡོངས་ཀྱི་གཞུང་དཔང་ཞབས་ཞུའི་ཆུ་ཚད་མཐོ་རུ་རྒྱུན་ཆད་མེད་པར་བཏང་བ།

    གཞུང་དཔང་ཞབས་ཞུ་ནི་བཅའ་ཁྲིམས་ཞབས་ཞུའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་། དེ་མི་དམངས་མང་ཚོགས་ཀྱི་ཁྲིམས་སྐྱོང་ཁྱབ་ཁོངས་ཀྱི་ཐོབ་སྣང་དང་བློ་ཡིད་ཚིམ་ཚད་དང་འབྲེལ་བ་ཡོད། སྔར་ནས་བཟུང་། རང་ལྗོངས་ཀྱིས་དམངས་ལ་ཞབས་འདེགས་ཞུ་བའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ། ཁྲིམས་འཛིན་པུའི་གཞུང་དཔང་གི་སྤུས་འབྲས་ལེགས་གཉེར་གྱི་ལོ་གསུམ་བྱ་སྤྱོད་དེ“ཉུང་འཕྲི”ནས“མྱུར་སྒྲུབ”དང་དེ་ནས“ལེགས་སྒྲུབ”ཀྱི་བླང་བྱ་དོན་འཁྱོལ་ནན་ཏན་བྱས་ཏེ། 《“གཞུང་དཔང་ཚད་ལྡན་སྤུས་ལེགས”ཀྱི་བྱ་སྤྱོད་སྤེལ་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་གི་བྱ་ཐབས་ཁག་བཅུ་བཞི》བཟོས་ནས། ལས་དོན་ཡག་པོ་བསྒྲུབ་པའི་ཐད་ཤུགས་སྣོན་བརྒྱབ་སྟེ་གཞུང་དཔང་ཞབས་ཞུའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་ཡོད།

    རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་སྤྱི་པའི་བཅའ་ཁྲིམས་ཞབས་ཞུ་དོ་དམ་ཁྲུའུ་ཡི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་དོན། གཞུང་དཔང་ཞབས་ཞུ་ལེགས་སུ་གཏོང་ཆེད། རང་ལྗོངས་ཀྱིས“ལག་ཁྱེར་ཐེངས་གཅིག་ལ་གཉེར་ཚར་བ”དང“དོན་དག་ས་ཚིགས་གཅིག་ནས་སྒྲུབ་ཐུབ་པ” “ཉིན་365སྒོ་མི་རྒྱག་པ”སོགས་དམངས་ཕན་བྱ་ཐབས་རྒྱ་སྐྱེད་བཏང་བ་དང་། “མང་ཤོས་ལའང་ཐེངས་གཅིག་ལས་འགྲོ་མི་དགོས་པའི”ལག་ཁྱེར་སྒྲུབ་སྟངས་ལ་སྐུལ་འདེད་ཤུགས་ཆེན་བཏང་བ། “ཆད་རུང་བདག་སྤྲོད”ལག་བསྟར་བྱེད་པ་བཅས་བྱས་ཏེ། མང་ཚོགས་ལ་དེ་བས་སྟབས་བདེ་དང་། ནུས་ཆེ། སྤུས་ལེགས་བཅས་ཀྱི་གཞུང་དཔང་བཅའ་ཁྲིམས་ཀྱི་ཞབས་འདེགས་ཞུས་ཡོད།“ལྗོངས་ཡོངས་ཀྱི་གཞུང་དཔང་སྒྲིག་གཞི་10ཚང་མས་དྲ་ཐོག་ལས་སྒྲུབ་ཞབས་འདེགས་ཞུ་འགོ་ཚུགས་ཤིང་། ‘ཐུག་འཕྲད་མེད་པའི’རྒྱང་རིང་བརྙན་ལམ་བརྒྱུད་ལག་ཁྱེར་གཉེར་རྒྱུ་ས་ཁོངས་ཡོངས་ལ་ཁྱབ་ཡོད། ཕྱི་རྒྱལ་དུ་རྒྱང་རིང་བརྙན་ལམ་ལག་ཁྱེར་སྒྲུབ་གཉེར་སྒྲིག་གཞི་3བརྟན་པོའི་ངང་རྒྱ་སྐྱེད་ཐུབ་སྟེ། དུས་དང་བར་མཐོངས་ཀྱི་ཚད་བཀག་མེད་པར་མང་ཚོགས་ཀྱི་དོན་དག་སྒྲུབ་པར་སྟབས་བདེ་བསྐྲུན་ཡོད། ཉེ་བའི་ལོ་གསུམ་རིང་ཁྱོན་དྲ་ཐོག་གཞུང་དཔང་ལས་སྒོ་6000ལྷག་ཙམ་བསྒྲུབས་ཡོད”ཅེས་འགན་འཁུར་བས་བཤད།

    རང་ལྗོངས་ཀྱི་གཞུང་དཔང་ལས་དོན་གྱིས་ཐོག་མཐའ་བར་གསུམ་དུ“དོན་ཆེན་བཞིར”དམིགས་ནས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་དམངས་འཚོ་འགན་སྲུང་གི་ཁྱབ་ཁོངས་ཁག་དང་ལྷུ་ཚིགས་ཁག་ཏུ་ཁྱབ་པར་བྱས་པས། འགལ་ཟླ་སེལ་བའི“སྙོམ་སྒྲིག་ཡོ་ཆས”དང་དཔལ་འབྱོར་འཕེལ་རྒྱས་ཀྱི“སྲུང་སྐྱེལ་བ”ཞིག་ཡིན་ལ། སྐྱེ་ཁམས་སྲུང་སྐྱོང་གི“ལྟ་སྐུལ་བ”དང་དམངས་འཚོ་འགན་སྲུང་གི“ཞབས་ཞུ་བ”ཞིག་ཀྱང་ཡིན།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།