དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • སྤུས་གསར་ཕྱོགས་སུ་གོམ་པ་བརྟན་པོ་སྤོས། བྱ་གཞག་ཁག་ནས་འཕེལ་རྒྱས་གསར་པ་མངོན།

    འཐུས་མི་དང་ཨུ་ཡོན་ཚོས་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྐོར་གླེང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-02-03

    “2025ལོར་ལྗོངས་ཡོངས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་3000ཡི་འགག་སྒོ་ཆེན་པོ་ལས་བརྒལ་ནས་གཏན་འཇགས་རྒྱུ་ནོར་ལ་མ་འཇོག་དང་། གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་འཕར་ཐང་། སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་སོགས་དཔལ་འབྱོར་དམིགས་ཚད་གཙོ་བོ་གྲངས་གནས་གཉིས་འཕར་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཏན་ཏིག་བྱུང་ནས་མི་རྣམས་ལ་སྐུལ་ལྕག་ཆེན་པོ་ཐེབས་ཡོད”

    ཚོགས་འདུ་གཉིས་རིང་། ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་ས་ཁུལ་ཁག་དང་ལས་རིགས་ཁག་ནས་ཕེབས་པའི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་སྲིད་གྲོས་ཨུ་ཡོན་ལྷ་སར་མཉམ་འཛོམས་ཀྱིས་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་དུ་གླེང་བ་དང་འབད་འཐབ་བྱེད་ཐབས་མཉམ་དུ་གྲོས་མོལ་གནང་སྟེ། “ལོ་ལྔ་ཚན་བཅོ་ལྔ་པ”འགོ་ཡག་པོ་འཛུགས་ཆེད་དང་བོད་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མུ་མཐུད་སྐུལ་འདེད་གཏོང་ཆེད་བློ་གྲོས་དང་སྟོབས་ཤུགས་གཅིག་སྡུད་བྱས་ཡོད།

    དམངས་གཉེར་དཔལ་འབྱོར་ནི་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གཙོ་ཤུགས་དམག་ཅིག་རེད།

    ནག་ཆུའི་འབྲོག་མོ་མཉམ་འབྲེལ་ལས་གཏོད་ཚད་ཡོད་འགན་འཁྲི་ཀུང་སིའི་ཐོན་སྐྱེད་འཁོར་ཁང་ནས་འོ་མའི་དྲི་ཞིམ་འཐུལ་ཞིང་། བུད་མེད་བཟོ་པ་ཚོས་ཚ་ཚ་འུར་འུར་ངང་ལོ་གསར་མཁོ་ཚོང་དཀར་ཆུའི་ཐོན་རྫས་སྣ་ཚོགས་ཐོན་སྐྱེད་བྱེད་བཞིན་ཡོད།

    ས་གནས་དེ་གའི་བུད་མེད་ཚོས་བཙུགས་པའི་ཁེ་ལས་དེར་ཚད་ལྡན་ཅན་གྱི་ཐོན་སྐྱེད་སྒྲུབ་རིམ་བསྐྲུན་ཡོད་ལ། “ཐོན་སྐྱེད་དང་། ལས་སྣོན། བྲིན་ཚོང”བཅས་གཞི་གཅིག་ཅན་གྱི་གཉེར་སྐྱོང་བྱས་ཏེ་ནག་ཆུའི་འབྲོག་ཁུལ་གྱི་ཐར་ཐོར་དུ་གནས་པའི་འོ་མའི་ཐོན་ཁུངས་བྲིན་ཁ་རྒྱུག་པའི་ཚོང་ཟོག་ཏུ་འགྱུར་བར་བྱས་ཤིང་། 2025ལོ་ཁོ་ནར་འབྲོག་དུད་200ལ་འབབ་འཕར་བྱུང་ནས་ནག་ཆུའི་དམངས་གཉེར་དཔལ་འབྱོར་དེ་གྲོང་གསེབ་དར་རྒྱས་དང་མཉམ་འདྲེས་གཏིང་ཟབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལག་ལེན་གྱི་དཔེ་མཚོན་ལ་གྱུར་ཡོད།

    རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་ནག་ཆུ་གྲོང་ཁྱེར་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་བསམ་གྲུབ་ཚེ་རིང་གིས། “ཉེ་བའི་ལོ་ཤས་རིང་དམངས་གཉེར་ཁེ་ལས་ཀྱིས་མ་དངུལ་དང་། ལག་རྩལ། ཁྲོམ་ར་སོགས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ་ཡུལ་བབ་དང་བསྟུན་ནས་ས་གནས་དེ་གའི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་བཏང་སྟེ་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་བར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་ཡོད”ཅེས་གསུངས།

    སྨན་གླིང་གྲོང་ཁྱེར་གྱི་བོད་ལུགས་གསོ་རིག་ལ་ལོ་རྒྱུས་ཡུན་རིང་ལྡན་པས། སྔོ་སྨན་གྱི་ཕ་ཡུལ་ཞེས་འབོད་ཅིང་། “ལོ་ལྔ་ཚན་བཅུ་བཞི་པའི”རིང་། སྨན་གླིང་གྲོང་ཁྱེར་གྱིས་བོད་ལུགས་གསོ་རིག་གི་དཔལ་འབྱོར་གཙོ་གནད་ཐོག་འཕེལ་རྒྱས་བཏང་བ་དང་། ཁེ་ལས་སྟོབས་ཆེན་ནང་འདྲེན་བྱས་པ་དང་། ས་གནས་དེ་གའི་བོད་ལུགས་གསོ་རིག་ཁེ་ལས་དང་མཉམ་ལས་ཁང་འཕེལ་རྒྱས་དང་སྟོབས་ཆེར་འགྲོ་བར་རོགས་སྐྱོར་བྱས་པ། སྔོ་སྨན་འདེབས་འཛུགས་དང་། བོད་སྨན་རིག་གནས་ཞིབ་འཇུག་སློབ་སྦྱོང་དང་ལྟ་སྐོར། བོད་ལུགས་གསོ་རིག་གི་ལག་རྩལ་ཁྱབ་གདལ་བཀོལ་སྤྱོད་སོགས་འཁོར་འབྲེལ་ཧྲིལ་པོའི་བོད་ལུགས་གསོ་རིག་གི་འདུས་ཚོགས་བཙུགས་པ་བཅས་བྱས་ཏེ། བོད་ལུགས་གསོ་རིག་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བཀྲག་མདངས་འཚེར་བའི་ཐོན་ལས་སུ་རིམ་གྱིས་འགྱུར་བར་བྱས་ཡོད།

    རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་སྨན་གླིང་གྲོང་ཁྱེར་ཉི་མ་དམར་པོ་ཚན་རྩལ་དཔེ་སྟོན་ཁྱིམ་ཚང་ཞིང་རའི་སྤྱི་ཁྱབ་ཅིང་ལི་གཞོན་པ་མཚོ་མོས་བཙུགས་པའི་བོད་སྨན་སྨན་རྒྱུ་འདེབས་འཛུགས་རྟེན་གཞི་ནི་ས་གནས་དེ་གའི་གཞི་ཁྱོན་ཅན་གྱི་འདེབས་འཛུགས་ཁེ་ལས་ཤིག་རེད། ཉེ་བའི་ལོ་ཤས་རིང་། སྲིད་ཇུས་ཀྱི་རྒྱབ་སྐྱོར་འོག རྟེན་གཞི་དེས་ར་མོ་ཤག་ཆེན་དང་ཀོ་ཤ་སོགས་བོད་སྨན་སྨན་རྒྱུ་མུའུ་1050འདེབས་འཛུགས་བྱས་པ་དང་། ལོ་རེར་སྨན་རྒྱུ་སྐམ་པོ་རྒྱ་མ་3500ཐོན་སྐྱེད་བྱས་ནས་ཐོན་རྫས་རིན་ཐང་སྒོར་ཁྲི་500ཙམ་ཟིན་ལ། ཐོན་རྫས་རྒྱལ་ཡོངས་སུ་ཕྱིར་ཚོང་བྱེད་ཀྱི་ཡོད་ལ། ཉེ་འཁོར་གྲོང་ཚོའི་མང་ཚོགས་140ལྷག་ཙམ་ཕ་ཡུལ་དུ་ལས་ཞུགས་ཐུབ་པར་སྣེ་ཁྲིད་ཀྱང་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།