དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོ་དང་དབྱིན་ཇིས་དཔལ་འབྱོར་ཚོང་དོན་གྱི་གྲུབ་འབྲས་ཡིག་ཆ་མང་པོར་མིང་རྟགས་བཀོད་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2026-02-03

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། དབྱིན་ཇིའི་དབུ་བཞུགས་བློན་ཆེན་སི་ཐཱ་མོས་ཟླ་1ཚེས་28ཉིན་ནས་ཚེས་31ཉིན་བར་ཀྲུང་གོར་འཚམས་འདྲི་གནང་རིང་། ཀྲུང་གོ་དང་དབྱིན་ཇི་རྒྱལ་ཁབ་གཉིས་པོས་དཔལ་འབྱོར་ཚོང་དོན་ཁྱབ་ཁོངས་ཀྱི་མཉམ་ལས་ཡིག་ཆ་མང་པོར་མིང་རྟགས་བཀོད་ཡོད། ཟླ་1ཚེས་30ཉིན་ཚོང་དོན་པུའི་གསར་འགྱུར་མགྲིན་ཚབ་པས། ཟླ་1ཚེས་29ཉིན། ཀྲུང་གོ་དང་དབྱིན་ཇིས་མཉམ་དུ་དཔལ་འབྱོར་ཚོང་དོན་གྱི་གྲུབ་འབྲས་ཡིག་ཆ་ཁག་བཞིར་མིང་རྟགས་བཀོད་དེ་དངོས་ཟོག་ཚོང་དོན་དང་། ཞབས་ཞུའི་ཚོང་དོན། དཔལ་འབྱོར་ཚོང་དོན་ལམ་སྲོལ་འཛུགས་སྐྱོང་བཅས་ཕྱོགས་གསུམ་ཐད་ལ་ཤུགས་བརྒྱབ་ཏེ། ཀྲུང་གོ་དང་དབྱིན་ཇི་རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་ཚོང་དོན་གྱི་འབྲེལ་བ་སྔར་བས་ཟབ་ཏུ་གཏོང་རྒྱུ་རེད་ཅེས་ངོ་སྤྲོད་བྱས།

    ཀྲུང་གོ་དང་དབྱིན་ཇིས“ཀྲུང་གོར་ཕྱིར་གཏོང་བྱེད་པའི”མཉམ་ལས་བརྗེད་ཐོའི་སྐོར་ལ། མགྲིན་ཚབ་པས། 《“ཁྲོམ་ར་ཆེན་པོ་མཉམ་སྤྱོད་དང་། ཀྲུང་གོར་ཕྱིར་གཏོང་བྱེད་པའི”མཉམ་ལས་བྱ་རྒྱུའི་སྐོར་གྱི་བསམ་ཤེས་བརྗེད་ཐོ》ལ་མིང་རྟགས་བཀོད་པ་བརྒྱུད། དབྱིན་ཇི་ནི“ཁྲོམ་ར་ཆེན་པོ་མཉམ་སྤྱོད་དང་ཀྲུང་གོར་ཕྱིར་གཏོང་བྱེད་པའི” བྱེད་སྒོ་རབ་དང་རིམ་པ་སྤེལ་ཚུན། ཀྲུང་གོ་དང་བརྗེད་ཐོར་མིང་རྟགས་འགོད་མཁན་རྒྱལ་ཁབ་དང་པོར་གྱུར་ཡོད། ཀྲུང་གོ་ཕྱོགས་ཀྱིས་དབྱིན་ཇི་ཕྱོགས་བྱེད་སྒོའི་ལོ་འཁོར་གྱི་བརྗོད་དོན་གཙོ་བོའི་རྒྱལ་ཁབ་ཀྱི་འགན་འཁུར་མཁན་གྲས་སུ་གདན་དྲངས་ཡོད། ཕྱོགས་གཉིས་པོས“ཀྲུང་གོར་ཕྱིར་གཏོང་བྱེད་པའི”མཉམ་ལས་ལམ་སྲོལ་བཙུགས་ནས་ཚོང་དོན་སྟབས་བདེ་ཅན་གྱི་ཆུ་ཚད་མཐོ་རུ་བཏང་སྟེ། ཀྲུང་གོ་དང་དབྱིན་ཇིའི་ཚོང་དོན་འཕེལ་རྒྱས་ཡག་པོ་འགྲོ་བར་ཐུན་མོང་ཐོག་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་ངོ་སྤྲོད་བྱས།

    ཀྲུང་གོ་དང་དབྱིན་ཇིས་ཞབས་ཞུའི་ཚོང་དོན་གྲོས་ཆོད་ལ་ཆོག་འཐུས་ཞིབ་འཇུག་དང་ཕྱོགས་གཉིས་པོའི་དབར་ཞབས་ཞུའི་རོགས་ཟླའི་འབྲེལ་བ་འཛུགས་རྒྱུའི་བརྗེད་ཐོའི་སྐོར་ལ། མགྲིན་ཚབ་པས། ཉེ་བའི་ལོ་ཤས་རིང་། ཀྲུང་གོ་དང་དབྱིན་ཇིས་ཞབས་ཞུའི་ཚོང་དོན་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྐུལ་འདེད་ཧུར་ཐག་བཏང་བར་ཕན་འབྲས་བཟང་པོ་ཐོན་ཡོད། 《ཀྲུང་གོ་དང་དབྱིན་ཇིའི་ཞབས་ཞུའི་ཚོང་དོན་གྲོས་ཆོད་ལ་མཉམ་འབྲེལ་ཆོག་འཐུས་རང་བཞིན་གྱི་ཞིབ་འཇུག་བྱེད་འགོ་འཛུགས་རྒྱུའི་སྐོར་གྱི་བསམ་ཤེས་བརྗེད་ཐོ》དང《ཕྱོགས་གཉིས་པོའི་དབར་ཞབས་ཞུའི་རོགས་ཟླའི་འབྲེལ་བ་འཛུགས་རྒྱུའི་སྐོར་གྱི་བསམ་ཤེས་བརྗེད་ཐོའི》 ཡིག་ཆ་གཉིས་ལ་མིང་རྟགས་བཀོད་པ་བརྒྱུད། ཀྲུང་གོ་དང་དབྱིན་ཇིས་ཞབས་ཞུའི་ཚོང་དོན་གྲོས་ཆོད་གྲོས་མོལ་ལ་ཆོག་འཐུས་རང་བཞིན་གྱི་ཞིབ་འཇུག་བྱེད་འགོ་འཛུགས་རྒྱུ་དང་ཆབས་ཅིག ཞབས་ཞུའི་ཁྱབ་ཁོངས་ཀྱི་ཕན་ཚུན་གསབ་རེས་རང་བཞིན་དང་རང་སོ་སོའི་ལེགས་ཆ་བེད་སྤྱོད་གང་ལེགས་བྱས་དེ་གསར་གཏོད་ཐོན་ལས་དང་། ཆེད་ལས་ཀྱི་ཞབས་ཞུ། དངུལ་རྩའི་ཞབས་ཞུ། སྨན་བཅོས་བདེ་ཐང་སོགས་ཁྱབ་ཁོངས་སུ་མཉམ་ལས་སྔར་བས་ཟབ་ཏུ་གཏོང་རྒྱུ་རེད་ཅེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།