རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་བཞི་པས་མུ་མཐུད་ཚོགས་ཆུང་ཁག་བགོས་ཀྱིས་གྲོས་བསྡུར་བྱས་པ།
ཚེས་2ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་བཞི་པར་ཞུགས་མཁན་སྲིད་གྲོས་ཀྱི་ཨུ་ཡོན་ཚོགས་ཆུང་ཁག་བགོས་ཀྱི་གྲོས་བསྡུར་ནང་མུ་མཐུད་ཞུགས་ནས། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་བཅས་སློབ་སྦྱོང་གནང་བ་མ་ཟད། རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་སྒྲོན་དང་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་སྒྲོན་ལ་གྲོས་བསྡུར་ཡང་གནང་བ་རེད།
ཚོགས་ཆུང་ཁག་བགོས་ཀྱི་གྲོས་བསྡུར་ནང་། ཨུ་ཡོན་ཚོས་གཏམ་བཤད་ཧུར་ཐག་གནང་ཞིང་། ཚང་མས་འདས་ཟིན་པའི་ལོ་གཅིག་རིང་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་དང་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ལག་བསྟར། བོད་ཀྱི་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་དམིགས་པ་བཅས་བྱས་པས་དུས་བདེའི་བོད་ལྗོངས་སྲུང་སྐྱོང་དང་ཁྲིམས་སྐྱོང་བོད་ལྗོངས་འཛུགས་སྐྲུན་ཐད་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། “ཁང་གཉིས”ཀྱི་ལས་དོན་སྙན་སྒྲོན་ནང་ཆབ་སྲིད་ཀྱི་ཚུགས་གནས་མཐོ་བ་དང་དམངས་འཚོའི་བརྩེ་སེམས་ཟབ་པ་དང་། གྲུབ་འབྲས་ཕྱོགས་སྡོམ་དངོས་ཐོག་བདེན་འཚོལ་ཡིན་པ། ལས་དོན་བཀོད་སྒྲིག་གཙོ་གནད་མངོན་གསལ་དོད་པ། ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་དང་ཁྲིམས་སྐྱོང་གི་བརྩེ་བ་ཟབ་མོ་མངོན་པ། མི་རིགས་ཁག་གི་མང་ཚོགས་ཀྱི་རེ་སྒུག་ལ་ལན་ཧུར་ཐག་བརྒྱབ་ཡོད་པས། དེ་ནི་སྤུས་ཚད་མཐོ་བའི་སྙན་སྒྲོན་ཡག་པོ་ཞིག་ཡིན་པའི་ངོས་འཛིན་མགྲིན་གཅིག་ཏུ་གནང་བ་རེད།
རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་བོད་ལྗོངས་ཉེན་རྟོག་མཐོ་རིམ་ཆེད་ཚན་སློབ་གྲྭའི་རྨང་གཞིའི་སློབ་གསོ་པུའི་འཆད་ཁྲིད་དགེ་རྒན་བློ་བཟང་སྒྲོལ་མས། གཞོན་ནུ་ལོ་ཆུང་ནི་རྒྱལ་ཁབ་ཀྱི་འབྱུང་འགྱུར་དང་མི་རིགས་ཀྱི་རེ་བ་ཡིན་པས། དེའི་ཁྲིམས་སྐྱོང་བྱང་ཚད་མཐོ་དམའ་ནི་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་དང་རྒྱལ་ཁབ་ཡུན་རིང་བདེ་འཁོད་དང་ཐད་ཀར་འབྲེལ་བ་ཡོད། དེར་བརྟེན་ཁྲིམས་སྐྱོང་གི་ལྟེ་བར་དམིགས་པ་དང་། མཉམ་འདྲེས་ཀྱི་རྣམ་པ་གསར་གཏོད། འགན་སྲུང་དང་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། སློབ་གྲྭའི་ནང་གོ་རིམ་ལྡན་པ་དང་ཆ་ཚང་བའི་གཞོན་ནུ་ལོ་ཆུང་གི་ཁྲིམས་སྐྱོང་སློབ་གསོ་སྤེལ་ནས་གཞོན་ནུ་ལོ་ཆུང་གིས“མི་ཚེའི་གོམ་པ་དང་པོ”ཡག་པོ་སྤོ་བར་ཁྲིད་སྟོན་བྱེད་དགོས་ཞེས་གསུངས་པ་རེད།
རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་ཀྲུང་གོ་མཚོ་བོད་ལྕགས་ལམ་ཚད་ཡོད་ཀུང་སི་ལྷ་ས་མེ་འཁོར་འབབ་ཚུགས་གཞུང་དོན་ཁང་གི་ཀྲུའུ་རེན་འཛོམས་པ་ཡིས། “ཁང་གཉིས”ཀྱི་ལས་དོན་སྙན་སྒྲོན་ནང་ཁྲིམས་སྐྱོང་གི་དགོངས་དོན་དར་སྤེལ་བཏང་སྟེ་དྲང་གཞག་དྲང་བདེན་དང་དམངས་ལ་བཅངས་པའི་བརྩེ་བ་མཚོན་ཡོད་པས། དེ་ནི་མི་སེམས་ལ་སྐུལ་མ་ཐེབས་པ་དང་སྙིང་སྟོབས་རབ་འཕེལ་གྱི་སྙན་སྒྲོན་ཡག་པོ་ཞིག་རེད་ཅེས་གསུངས་པ་རེད།
འབྲེལ་ཡོད་གསར་འགྱུར།