དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་བཞི་པ་གྲོལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-02-03

    ཟླ་2ཚེས་2ཉིན་གྱི་ཕྱི་དྲོར། རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་བཞི་པའི་གྲོས་རིམ་ཁག་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བྱུང་ནས་ལྷ་སར་གྲོལ་ཞིང་། འདི་ནི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ཚོགས་འདུར་ཕེབས་ནས་གསུང་བཤད་གནང་བཞིན་པ།

    ཟླ་2ཚེས་2ཉིན་གྱི་ཕྱི་དྲོར། རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་བཞི་པའི་གྲོས་རིམ་ཁག་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བྱུང་ནས་ལྷ་སར་གྲོལ་ཞིང་། འདི་ནི་ཚོགས་ར་ཡིན་པ།

    ཟླ་2ཚེས་2ཉིན་གྱི་ཕྱི་དྲོར། རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་བཞི་པའི་གྲོས་རིམ་ཁག་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བྱུང་ནས་ལྷ་སར་གྲོལ་བ་རེད། ཚོགས་འདུའི་ཐོག བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་ཀྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་རླབས་པོ་ཆེ་མཐོན་པོར་བསྒྲེངས་ནས། བློ་གཅིག་སེམས་གཅིག་དང་། ཇུས་ཤུགས་མཉམ་འདོན། གདེང་ཚོད་བརྟན་གཏོང་། འབད་འབུངས་མདུན་སྐྱོད་བཅས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལག་ལེན་གྱི་ལེའུ་གསར་པ་རྩོམ་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་པའི་འབོད་སྐུལ་བྱས་པ་རེད།

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ཚོགས་འདུར་ཕེབས་ནས་གསུང་བཤད་གནང་ཞིང་། ཡན་ཅིན་ཧའེ་དང་། ལིའུ་ཅང་། ལའེ་ཅའོ། རེན་ཝེ། ཤའོ་ཡིའུ་ཚའེ། ཟླ་བ་ཚེ་རིང་། ཀུང་ཧུའེ་ཚའེ། བསྟན་པ། ཅང་ཝུན་ཕེང་། ལེགས་མཆོག པ་སངས་བཅས་ཚོགས་འདུར་ཞུགས་པ། བསོད་ནམས་ཉི་མས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

    ཚོགས་འདུར་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་སྐོར་གྱི་སྲིད་གྲོས་སྐབས་བཅུ་གཉིས་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཞི་པའི་གྲོས་ཆོད་དང་། སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གསུམ་པ་འཚོགས་ཚུན་གྲོས་གཞིའི་ལས་དོན་བསྒྲུབས་ཚུལ་སྙན་སྒྲོན་སྐོར་གྱི་སྲིད་གྲོས་སྐབས་བཅུ་གཉིས་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཞི་པའི་གྲོས་ཆོད། སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་བཞི་པའི་གྲོས་གཞིར་ཞིབ་བཤེར་བྱས་ཚུལ་སྐོར་གྱི་སྲིད་གྲོས་སྐབས་བཅུ་གཉིས་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གྲོས་གཞི་ཨུ་ཡོན་ལྷན་ཁང་གི་སྙན་སྒྲོན། སྲིད་གྲོས་སྐབས་བཅུ་གཉིས་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཞི་པའི་ཆབ་སྲིད་གྲོས་ཆོད་བཅས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད།

    ཝང་ཅུན་ཀྲེང་གིས་གསུངས་དོན། རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་བཞི་པ་འཚོག་རིང་། ཨུ་ཡོན་ཚང་མས་ཆབ་སྲིད་ཀྱི་སྤྲོ་སེམས་ཆེན་པོ་དང་དཔའ་ངར་ཆེད་སྐྱེད་ཀྱི་བསམ་པའི་འཁྱེར་སོ་ཡག་པོར་བརྟེན་ནས། སྲིད་གཞུང་གི་ལས་དོན་སྙན་སྒྲོན་དང“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་རྩ་གནད་ཀྱི་འཆར་ཟིན་དང་སྙན་སྒྲོན་གཞན་དག་ལ་གྲོས་བསྡུར་གཏིང་ཟབ་གནང་བ་དང་། སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་སོགས་ཀྱི་ཡིག་ཆར་གྲོས་ཞིབ་ནན་ཏན་གནང་བ། སྲིད་ཞུགས་སྲིད་གླེང་ཧུར་ཐག་དང་རང་འགུལ་ངང་ཐབས་འདོན་ཇུས་འབུལ་གནང་བ་བཅས་ལས། ཨུ་ཡོན་ཡོངས་ཀྱིས་རང་འགན་གཙང་སྒྲུབ་བྱེད་པའི་འགན་སེམས་ཀྱི་སྙིང་སྟོབས་གང་ལེགས་མངོན་པ་དང་། ཆེད་དོན་གྲོས་མོལ་གྱི་སྒྲིག་གཞི་ཡིན་པའི་མི་དམངས་སྲིད་གྲོས་ཀྱི་ལེགས་ཆ་གང་ལེགས་མངོན་ཡོད། ཚོགས་འདུས“ལོ་ལྔ་ཚན་བཅོ་ལྔ་པར”དམིགས་ནས་འཆར་གཞི་གསར་པ་མཉམ་དུ་བཀོད་དེ། ཨུ་ཡོན་ཚོས་གང་བསམ་ལྷུག་གླེང་དང་། རང་རང་སོ་སོའི་ལྟ་ཚུལ་བརྗོད་པ། ཐུན་མོང་གི་ངོས་འཛིན་གྲུབ་པ་བཅས་ལས། དུས་རབས་གསར་པའི་མི་དམངས་སྲིད་གྲོས་ཀྱི་རྣམ་པ་གསར་པ་མངོན་པས། ཐུན་མོང་ཐོག་ད་རེས་ཀྱི་ཚོགས་འདུ་འདི་ཉིད་རྒྱལ་ཁ་དང་། མཐུན་སྒྲིལ། དམངས་གཙོ་བཅས་ཀྱི་ཚོགས་ཆེན་ཞིག་ཏུ་འཚོགས་པ་རེད།

    ཝང་ཅུན་ཀྲེང་གིས་གསུངས་དོན། 2025ལོ་ནི་བོད་ཀྱི་འཕེལ་རྒྱས་ལོ་རྒྱུས་ཁྲོད་ཀྱི་སྤྱིར་བཏང་གཏན་ནས་མིན་པའི་ལོ་ཞིག་རེད། ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་མཐའ་འཁྱོངས་བྱས་ནས། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་རིམ་བྱུང་གི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་བརྟེན་ནས་བསམ་བློ་གཅིག་གྱུར་དང་སྟོབས་ཤུགས་གཅིག་སྡུད་མཐའ་འཁྱོངས། “དོན་ཆེན་བཞི”དོན་འཁྱོལ་ལ་རྒྱུན་མཐུད་དམ་འཛིན་ཡག་པོ་བཅས་བྱས་ཏེ། “ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ཕུན་སུམ་ཚོགས་པོའི་ངང་མཇུག་བསྡུ་བར་སྐུལ་འདེད་བཏང་བས། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་པ་ཐོབ་ཡོད། ལྗོངས་ཡོངས་ཀྱི་རིམ་ཁག་སྲིད་གྲོས་རྩ་འཛུགས་དང་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་ཚོས་མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། དམངས་གཙོ་དར་སྤེལ་དང་མཐུན་སྒྲིལ་ཟབ་གཏོང་ཕན་ཚུན་སྦྲེལ་མཐུད་དང་། སྲིད་དོན་ཇུས་འབུལ་དང་ཐུན་མོང་གི་ངོས་འཛིན་གཅིག་སྒྲིལ་གྱི་ཕྱོགས་གཉིས་ནས་ནུས་ཤུགས་འདོན་རྒྱུ་མཐའ་འཁྱོངས་ཀྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། 2026ལོ་ནི“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཚུགས་ལོ་ཡིན་པས། ད་ལོའི་ལས་དོན་ཡག་པོ་བསྒྲུབ་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེན་པོ་རེད། ལྗོངས་ཡོངས་ཀྱི་རིམ་ཁག་སྲིད་གྲོས་རྩ་འཛུགས་དང་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་ཚོས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་བླངས་ཏེ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ནས། ཏང་གི་འགོ་ཁྲིད་དང་། འཐབ་ཕྱོགས་གཅིག་གྱུར། གྲོས་མོལ་དམངས་གཙོ་བཅས་ཟུང་འབྲེལ་དམ་ཟབ་མཐའ་འཁྱོངས་ཀྱིས་ཆབ་སྲིད་གྲོས་མོལ་དང་། དམངས་གཙོ་ལྟ་སྐུལ། སྲིད་ཞུགས་སྲིད་གླེང་བཅས་ཀྱི་ནུས་པ་དེ་བས་ལེགས་པར་འདོན་པ་དང་། མི་དམངས་སྲིད་གྲོས་ཀྱི་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་མགྱོགས་པོ་བྱེད་པར་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་ཧུར་ཐག་འབུལ་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཏང་གིས་སྲིད་གྲོས་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་ཀྱིས་སྲིད་གྲོས་བྱ་གཞག་ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ཀྱི་ཁ་ཕྱོགས་ཡང་དག་བརྒྱུད་མདུན་དུ་སྐྱོད་པར་འགན་ལེན་བྱེད་དགོས། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་མཐའ་འཁྱོངས་བྱ་རྒྱུ་དེ་ལས་ཀའི་འཆར་འགོད་དང་། འགན་ནུས་སྒྲུབ་པ། རང་ངོས་འཛུགས་སྐྱོང་སོགས་ཕྱོགས་ཁག་དང་བརྒྱུད་རིམ་ཧྲིལ་པོའི་ནང་དོན་འཁྱོལ་བྱས་ཏེ། ཏང་གི་བཞེད་དོན་མི་རིགས་ཁག་དང་ལས་རིགས་ཁག་གི་ཆབ་སྲིད་ཀྱི་ཐུན་མོང་ངོས་འཛིན་དང་རང་རྟོགས་ཀྱི་བྱ་སྤྱོད་དུ་སྒྱུར་མཁས་པོ་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གངས་ལྗོངས་ས་མཐོར་རྩ་བ་ཚུགས་ནས་མེ་ཏོག་བཞད་པ་དང་འབྲས་བུ་ཐོན་པར་སྐུལ་འདེད་གཏོང་དགོས། བློ་བརྟན་འགྱུར་མེད་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་བློ་སྒྲིལ་སེམས་སྐྱེད་ཀྱིས་མཐུན་སྒྲིལ་འབད་འཐབ་ཀྱི་ཐུན་མོང་བསམ་བློ་ཆབ་སྲིད་ཀྱི་རྨང་གཞི་སྲ་བརྟན་དུ་གཏོང་དགོས། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་དང་ལྷག་པར་དུ་མི་དམངས་སྲིད་གྲོས་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་སློབ་སྦྱོང་གཏིང་ཟབ་བྱས་ཏེ། རང་རྟོགས་ངང་བསམ་བློར་དྲག་ཆས་སྤྲས་ནས་མི་རིགས་ཁག་དང་ལས་རིགས་ཁག་གི་མི་སྣར་ཆབ་སྲིད་ཐད་མཐུན་སྒྲིལ་མཉམ་ལས་དང་། བསམ་བློའི་ཐད་ཐུན་མོང་ཡར་རྒྱས། བྱ་སྤྱོད་ཐད་གོམ་སྟབས་གཅིག་གྱུར་བཅས་སྔར་བས་མངོན་འགྱུར་ཡོང་བར་སྐུལ་འདེད་གཏོང་དགོས། ཏང་ཨུད་ཀྱི་ལྟེ་བའི་ལས་དོན་ལ་དམ་པོར་དམིགས་ནས་འགན་འཁྲི་གཙང་སྒྲུབ་ཀྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱ་ཆེད་ཐབས་ཇུས་དང་ནུས་ཤུགས་ཧུར་ཐག་འདོན་དགོས། སྲིད་གྲོས་ཀྱི་ལས་དོན་དེ་བོད་ཀྱི་ལས་དོན་གྱི་སྤྱི་ཡོངས་ཁྲོད་བཞག་ནས་བསམ་གཞིག་འཚོལ་ཞིབ་དང་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ། “དོན་ཆེན་བཞི”དོན་འཁྱོལ་དང“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་ལག་བསྟར་བྱེད་པར་དམིགས་པ་དང་། གྲོས་མོལ་སྲིད་གླེང་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། དམིགས་སའི་རང་བཞིན་ལྡན་པ་དང་བཀོལ་སྤྱོད་རང་བཞིན་གྱི་ཐབས་ཇུས་དང་གྲོས་འགོ་འདོན་པ། དམངས་གཙོའི་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། གྲོས་མོལ་ཡག་པོ་དང་། ལྟ་སྐུལ་ནུས་ལྡན། སྲིད་ཞུགས་ཕན་ཡོད་བཅས་ཏན་ཏིག་ཡོང་བ་བྱེད་དགོས། མི་དམངས་སྲིད་གྲོས་ཀྱིས་མི་དམངས་ལ་ཞབས་འདེགས་ཞུ་རྒྱུ་མཐའ་འཁྱོངས་བྱས་ཏེ། དམངས་འཚོ་ལེགས་བཅོས་དང་མི་སེམས་གཅིག་སྒྲིལ་ཐད་དགེ་མཚན་ལྡན་པའི་ལས་རྗེས་ཐོན་པ་ཧུར་ཐག་བྱེད་དགོས། དམངས་ལ་གྲོས་མོལ་དང་དམངས་ཀྱི་ཆེད་དུ་གྲོས་མོལ་བྱེད་རྒྱུ་མཐའ་འཁྱོངས་ཀྱིས“གཞི་རིམ་དུ་སླེབས་པ་བཞིའི”སྲོལ་རྒྱུན་བཟང་པོ་ལག་ལེན་གཏིང་ཟབ་བསྟར་བ་དང་། མི་རིགས་ཁག་གི་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ལ་དམིགས་ནས་བརྟག་དཔྱད་ཞིབ་འཇུག་བྱེད་པ། མང་ཚོགས་ཀྱི་རེ་འབོད་ཉན་པ་དང་མང་ཚོགས་ཀྱི་རེ་འདོད་སྙན་སེང་ཞུ་བ། “དམངས་འཚོའི་འདུ་འགོད་ཆེན་པོ་བཅུ”ལག་ལེན་བསྟར་བར་རམ་འདེགས་བཅས་བྱས་ཏེ། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། སྤྱི་ཚོགས་ཀྱི་ཐུན་མོང་གི་ངོས་འཛིན་རྒྱ་ཁྱབ་ངང་གཅིག་ཏུ་བསྒྲིལ་ནས། རིག་པ་གཅིག་ཏུ་སྒྲིམ་པ་དང་ནུས་ཤུགས་གཅིག་ལ་འདོན་པའི་རྣམ་པ་བཟང་པོ་ཞིག་ཆགས་པར་བྱེད་དགོས། བསམ་བློ་དང་ཆབ་སྲིད་ཀྱི་ཁྲིད་སྟོན་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་། གྲོས་མོལ་གྱི་རྣམ་པ་ཕུན་སུམ་ཚོགས་སུ་གཏོང་བ། གྲོས་མོལ་གྱི་གཏིང་ཚད་ཟབ་ཏུ་གཏོང་བ། སྤྱི་ཚོགས་ལས་རིགས་ཁག་མཐུན་སྒྲིལ་བྱེད་པའི་སྦྲེལ་ཟམ་དང་འབྲེལ་ཐག་ཡག་པོ་བྱེད་པ། མཐུན་ཆ་ཆེ་ཤོས་ཡག་པོ་འབྲི་བ། མི་རིགས་ཁག་གི་མང་ཚོགས་ལ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་དང“མོས་སེམས་ལྔ”ཟམ་མི་ཆད་པར་ཟབ་ཏུ་གཏོང་བར་ཁྲིད་སྟོན་ཧུར་ཐག་བྱེད་པ་བཅས་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་ལ་མཉམ་དུ་སྐུལ་འདེད་གཏོང་དགོས། རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་སྲིད་གྲོས་ལས་དོན་གྱི་ལམ་ལུགས་ཅན་དང་། ཚད་ལྡན་ཅན། གོ་རིམ་ཅན་བཅས་ཀྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས། གྲོས་མོལ་གཏིང་ཟབ་དང་མཉམ་འགུལ་དང་། བསམ་འཆར་གང་ལེགས་མཚོན་པ། ཐུན་མོང་གི་ངོས་འཛིན་རྒྱ་ཁྱབ་ངང་གཅིག་ཏུ་སྒྲིལ་བ་བཅས་ཀྱི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་བསམ་བློའི་ངོས་འཛིན་དང་འགན་སྒྲུབ་ནུས་པ་མུ་མཐུད་ཆེ་རུ་གཏོང་བ་དང་། ཆེད་དོན་གྲོས་མོལ་སྒྲིག་གཞིའི་ནང་ཞུགས་མཁན་དང་། ལག་ལེན་བསྟར་མཁན། སྐུལ་འདེད་གཏོང་མཁན་བཅས་ཡག་པོ་བྱས་ཏེ། མི་དམངས་སྲིད་གྲོས་ལམ་ལུགས་ཀྱི་ལེགས་ཆ་བཅོས་སྐྱོང་གི་ནུས་ཕྱོད་དུ་དེ་བས་ལེགས་པར་སྒྱུར་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། རིམ་ཁག་ཏང་ཨུད་ཀྱིས་སྲིད་གྲོས་ཀྱི་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་པར་ཤུགས་སྣོན་བརྒྱབ་སྟེ། སྲིད་གྲོས་ཀྱིས་སྒྲིག་ཡིག་ལྟར་འགན་ནུས་སྒྲུབ་པ་དང་། ལས་དོན་སྤེལ་བ། ནུས་པ་འདོན་པ་བཅས་ལ་མཐོང་ཆེན་དང་རྒྱབ་སྐྱོར་བྱེད་དགོས། རིམ་པ་ཁག་དང་སྡེ་ཚན་ཁག་གིས་སྲིད་གྲོས་ཀྱི་སྲིད་ཞུགས་སྲིད་གླེང་ལ་རྒྱབ་སྐྱོར་བྱེད་པ་དང་། སྲིད་གྲོས་ཀྱི་དམངས་གཙོའི་ལྟ་སྐུལ་རང་རྟོགས་ངང་དང་ལེན་བྱེད་པ། སྲིད་གྲོས་ཀྱི་གྲོས་གཞི་ནན་ཏན་ངང་སྒྲུབ་པ་བཅས་བྱེད་དགོས། སྲིད་གྲོས་ཏང་ཙུའུ་ཡིས་ཨུ་ཡོན་གྱི་དམངས་གཙོའི་ཁེ་དབང་ལ་བརྩི་འཇོག་དང་འགན་སྲུང་བྱེད་པ་དང་ཨུ་ཡོན་ལ་ཞབས་ཞུ་དང་དོ་དམ་ཡག་པོ་བྱས་ཏེ་ཨུ་ཡོན་གྱིས་འགན་འཁྲི་སྒྲུབ་པར་ཆ་རྐྱེན་བཟང་པོ་སྐྲུན་དགོས།

    བསོད་ནམས་ཉི་མས། ལྗོངས་ཡོངས་ཀྱི་རིམ་ཁག་སྲིད་གྲོས་རྩ་འཛུགས་དང་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་ཚོས་ཧྲུའུ་ཅི་ཝང་ཅུན་ཀྲེང་གི་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ཏེ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་འགན་འཁྲི་གཙང་སྒྲུབ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། འགན་འཁྲི་ནན་ཏན་ངང་སྒྲུབ་པ། ནུས་པ་ཧུར་ཐག་འདོན་པ་བཅས་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱ་ཆེད་མི་སེམས་གཅིག་སྒྲིལ་དང་སྟོབས་ཤུགས་གཅིག་སྡུད་བྱེད་དགོས་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།