བགྲང་བྱ་བཅུ་ལྷག་སློབ་སྐྱོར་ལས་ལ་གཞོལ། གངས་ལྗོངས་ས་མཐོར་དཔེ་ཁྲིད་མི་གསར་བསྐྱངས།
“བོད་དུ་སློབ་སྐྱོར་བྱེད་པ་ནི་བརྩེ་བ་བཅངས་པ་ཞིག་རེད་ལ་དེ་བས་འགན་འཁྲི་བསྒྲུབས་པ་ཞིག་རེད། སློབ་སྐྱོར་ལོ་གསུམ་བྱེད་རིང་། ང་དང་བབ་ཆགས་པའི་བོད་ཀྱི་དགེ་སློབ་སེམས་བཟང་ཅན་ཚོའི་དབར་བརྩེ་བ་ཟབ་མོ་ཆགས་པ་མ་ཟད། གངས་ལྗོངས་ས་མཐོར་དེ་བས་བརྩེ་བ་ཟབ་མོ་ཞིག་སླེབས་བྱུང”ཞེས་ཧྲའན་ཤིས་དགེ་འོས་སློབ་ཆེན་མཛེས་རྩལ་སློབ་གླིང་གི་2010ལོའི་སློབ་ཐོན་སློབ་མ་ཝུའུ་ཞའོ་ཞའོ་ཡིས་ལོ་མང་གོང་བོད་དུ་སློབ་སྐྱོར་ལ་བསྐྱོད་ཚུལ་ད་ལྟའང་གསལ་ལེར་དྲན་བཞིན་དུ་བཤད།
2016ལོའི་ཟླ་བདུན་པར། ཧྲའན་ཤིས་ཞིང་ཆེན་གྱི“ཚོགས་སྒྲིག་རྣམ་པའི”སློབ་གསོའི་བོད་སྐྱོར་ཚོགས་པའི་ཁོངས་མི་ཡིན་པའི་ཝུའུ་ཞའོ་ཞའོ་ཞི་ཨན་ནས་ཉིང་ཁྲི་གྲོང་ཁྱེར་བརྒྱད་གཅིག་སློབ་འབྲིང་དུ་རང་ཉིད་ཀྱི་སློབ་སྐྱོར་ལས་ཀ་བྱེད་འགོ་ཚུགས། “དེ་གར་སློབ་ཚན་འཁྲིད་སྐབས། ངས་ས་གནས་ཀྱི་སློབ་ཁྲིད་བྱེད་སྟངས་འཚོལ་ཞིབ་རྒྱུན་ཆད་མེད་པར་བྱས་ནས་སློབ་མས་མཛེས་རྩལ་ལ་འཛིན་པའི་སྤྲོ་སྣང་དང་སློབ་མའི་རང་སྦྱོང་བྱེད་སེམས་སྐུལ་སྤེལ་དང་གསོ་སྐྱོང་བྱ་རྒྱུར་མཐོང་ཆེན་གྱིས་སློབ་ཁྲིད་ལ་བརྟེན་ནས་ཕྲུ་གུ་ཚོ་ཕུགས་འདུན་དོན་གཉེར་བྱེད་མཁན་ཞིག་ཏུ་གྱུར་ཐུབ་པར་བྱས་ཡོད”ཅེས་ཝུའུ་ཞའོ་ཞའོ་ཡིས་བཤད།
ཝུའུ་ཞའོ་ཞའོ་ཡི་སློབ་ཁྲིད་ཉམས་མྱོང་ནི་བོད་སྐྱོར་དགེ་རྒན་ཕལ་མོ་ཆེའི་མཚོན་ཚུལ་གྱི་ཆ་ཤས་ཤིག་རེད། 2010ལོ་ནས་བཟུང་། ཧྲའན་ཤིས་དགེ་འོས་སློབ་ཆེན་གྱིས་ལོ་བཅུ་ལྷག་ཙམ་བསྟུད་མར་རྒྱལ་ཁབ་ཀྱིས་གཞུང་གྲོན་བཏང་བའི་དགེ་འོས་སློབ་མ་དང་། “ཐེམ་ཁུངས་བོད་ལ་མེད་ཀྱང་བོད་ལ་ལས་ཞུགས་གཏན་འཁེལ”གྱི་དགེ་འོས་སློབ་མ། རྒྱལ་ཁབ་ཀྱི“དགེ་རྒན་ཕུལ་བྱུང་གསོ་སྐྱོང་འཆར་གཞིའི”དགེ་འོས་སློབ་མ་བཅས་སྟོང་ལྷག་ཙམ་སྒྲིག་འཛུགས་བྱས་ཏེ། ས་གནས་ཀྱི་དགོས་མཁོར་དམིགས་ནས་བོད་ལ་སློབ་སྐྱོར་བྱེད་པར་བཏང་སྟེ། “ཧྲའན་ཤིས་དགེ་འོས་སློབ་མའི་འཇོན་ཐང”བཏོན་ནས་གངས་ལྗོངས་ས་མཐོར་བོད་སྐྱོར་སྙིང་སྟོབས་མི་རབས་ནས་མི་རབས་བར་བརྒྱུད་སྤྲོད་བྱས་ཡོད།
ན་ནིང་ལོ་མཇུག་ཏུ། ཧྲའན་ཤིས་དགེ་འོས་སློབ་ཆེན་ས་ཁམས་ཚན་རིག་དང་ཡུལ་སྐོར་སློབ་གླིང་གི་2022ལོའི་སློབ་མ་རིན་ཆེན་རྡོ་རྗེ་ཡིས་ལྷ་ས་གྲོང་ཁྱེར་གྱི་མཐོ་རིམ་སློབ་འབྲིང་གཉིས་པར་ཟླ་བ་གསུམ་རིང་སློབ་སྐྱོར་དངོས་སྦྱོང་བྱས་པ་མཇུག་འགྲིལ་བ་རེད། དང་ཐོག་ལྟ་སྦྱོང་སློབ་སྦྱོང་ནས་སློབ་འཁྲིད་ཚོད་ལྟའི་བར་དང་། དེ་ནས་སློབ་ཁྲིད་བྱེད་སྟངས་རྒྱུན་མཐུད་ལེགས་སུ་གཏོང་བའི་བར་བརྒྱུད་རིམ་མང་པོ་ཡོད་པར“ཉིན་ལྟར་དོན་སྙིང་མི་འདྲ་བ་ཡོང་གི་འདུག”ཅེས་ཁོང་གིས་མྱོང་ཚོར་ཟབ་མོས་བཤད།
“སློབ་ཚན་ཁྲིད་པ་ཕུད། དངོས་སྦྱོང་འཛིན་གྲྭའི་ཀྲུའུ་རེན་ཡིན་པའི་ངས་རྟག་ཏུ་མཐོ་རིམ་སློབ་འབྲིང་གཉིས་པའི་འཛིན་གྲྭ་ཡག་པོ་ཡོང་བར་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད། སློབ་མ་ཚོས་ཀྱང་ངར་བརྩི་འཇོག་དང་ཡིད་ཆེས་ཆེན་པོ་བྱེད་པས། ངས་སློབ་སྦྱོང་བྱེད་ཐབས་ལ་མཛུབ་ཁྲིད་དང་འཚོ་བའི་དཀའ་ངལ་སེལ་རོགས་སོགས་ནས་སློབ་མ་ཚོར་རོགས་པ་བྱས་ནས་ལྷག་བསམ་ཟོལ་མེད་ཀྱིས་ཕྲུ་གུ་ཚང་མ་བདེ་བདེ་ཐང་ཐང་ངང་འཚར་ལོངས་བྱུང་ན་ཅི་མ་རུང་སྙམ་གྱི་འདུག”ཅེས་རིན་ཆེན་རྡོ་རྗེས་བཤད།
གསར་འགོད་པས་ཤེས་རྟོགས་བྱས་པར་གཞིགས་ན། ཉེ་བའི་ལོ་ཤས་རིང་། ཧྲའན་ཤིས་དགེ་འོས་སློབ་ཆེན་གྱིས་བོད་སྐྱོར་ལས་དོན་གྱི་ཁེབས་རྒྱ་དང་ཟབ་རྒྱ་ཆེ་རུ་ཧུར་ཐག་བཏང་སྟེ་ཤེས་ལྡན་པ་རྐྱང་རྐྱང་གསོ་སྐྱོང་ནས་སློབ་གསོ་སློབ་ཁྲིད་ལ་ཞིབ་འཇུག་དང་། སྤུས་ལེགས་ཐོན་ཁུངས་མཉམ་སྤྱོད་བྱེད་པ་སོགས་ཕྱོགས་མང་པོར་རྒྱ་བསྐྱེད་པ་དཔེར་ན། 2011ལོ་ནས་བཟུང་། ཧྲའན་ཤིས་དགེ་འོས་སློབ་ཆེན་གྱིས་བོད་ཀྱི་དགེ་རྒན་དཔུང་ཁག་འཛུགས་སྐྱོང་དང་འཕེལ་རྒྱས་གཏོང་བའི་དགོས་མཁོ་དངོས་ལ་དམ་པོར་དམིགས་ནས་བོད་ཀྱི་དགེ་རྒན་གསོ་སྦྱོང་རྣམ་གྲངས་བརྒྱ་ཙམ་སྔ་རྗེས་སུ་གཉེར་བ་མ་ཟད། སློབ་གྲྭས་ད་དུང་ཕུལ་བྱུང་སློབ་གྲྭ་གཅིག་པའི་སྔོན་ཐོན་བྱས་རྗེས་ཀྱི་སྣེ་ཁྲིད་ནུས་པ་བཏོན་ནས་སློབ་མར་རང་སྒེར་གྱི་ཕུགས་བསམ་རྒྱལ་ཁབ་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ནང་ཁྱབ་པར་བྱས་ཏེ། གངས་ལྗོངས་ས་མཐོར་རྩ་བ་ཚུགས་ནས་བྱས་རྗེས་འཇོག་རྒྱུར་ཁྲིད་སྟོན་ཡང་བྱས་པ་རེད།
ལོ་བཅུ་ལྷག་ཙམ་རིང་། སློབ་སྐྱོར་དགེ་རྒན་ཚོས་ས་གནས་ཀྱི་ཕྲུ་གུ་ཚོར་སྤུས་ལེགས་སློབ་ཚན་ཁྲིད་པ་དང་སྔོན་ཐོན་གྱི་སློབ་ཁྲིད་བྱེད་སྟངས་བསླབས་ཤིང་། གངས་ལྗོངས་ས་མཐོའི་ཡུལ་སྲོལ་གོམས་གཤིས་ཀྱིས་ཀྱང་སློབ་སྐྱོར་དགེ་རྒན་མང་པོའི་མི་ཚེའི་མྱོང་བ་ཕུན་སུམ་ཚོགས་སུ་བཏང་ཡོད།
2025ལོར། ཧྲའན་ཤིས་དགེ་འོས་སློབ་ཆེན་ས་ཁམས་ཚན་རིག་དང་ཡུལ་སྐོར་སློབ་གླིང་གི་2022རིམ་སློབ་མ་བདེ་གཡང་གིས་ལྷ་ས་མངའ་རིས་མཐོ་འབྲིང་དུ་དུས་ཡུན་ཟླ་བ་གསུམ་གྱི་སློབ་སྐྱོར་དངོས་སྦྱོང་བྱས་ཤིང་། སློབ་སྐྱོར་བྱེད་སྐབས་ཀྱི་གནས་ཚུལ་སྐོར་གླེང་སྐབས། ཁོང་གིས“སློབ་སྐྱོར་གྱི་མྱོང་བ་དེས་ངའི་སློབ་ཁྲིད་དང་འཛིན་གྲྭར་དོ་དམ་བྱེད་ནུས་ཆེ་རུ་ཕྱིན་པ་མ་ཟད། མཛའ་བརྩེ་སྔར་བས་ཟབ་ཏུ་ཕྱིན་ནས་ངའི་སླད་ཕྱིན་གྱི་སློབ་ཁྲིད་བྱ་བར་དྲན་གསོ་བྱ་ཡུལ་ཞིག་ཏུ་གྱུར་སོང”ཞེས་བཤད།
2023ལོར། ལྷ་ས་གྲོང་ཁྱེར་མཐོ་རིམ་སློབ་འབྲིང་གཉིས་པར་དངོས་སྦྱོང་བྱེད་མཁན་ཧྲའན་ཤིས་དགེ་འོས་སློབ་ཆེན་མར་ཁེ་སི་རིང་ལུགས་སློབ་གླིང་གི་2020ལོའི་སློབ་མ་སུའུ་ཅིན་ལུང་གིས“བྲེལ་འཚུབ་ངང་སློབ་ཁྲིད་བྱེད་པ་ཕུད། ངས་གཟའ་མཇུག་ཏུ་བོད་ལྗོངས་རྟེན་མཛོད་ཁང་དུ་ཕྱིན་པས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་ལ་སྔར་བས་མྱོང་ཚོར་བྱུང་ལ། ‘ལམ་གཉིས’ཀྱི་སྙིང་སྟོབས་དང་བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས། བོད་སྐྱོར་གྱི་སྙིང་སྟོབས་ལའང་སྔར་བས་རྒྱུས་ལོན་ཟབ་མོ་བྱུང་སོང”ཞེས་བཤད།
ཉེ་བའི་ལོ་ཤས་རིང་། ཧྲའན་ཤིས་དགེ་འོས་སློབ་ཆེན་ཕྱི་རྒྱལ་སྐད་ཡིག་སློབ་གླིང་གི་དགེ་རྒན་ཆེ་མོ་བ་ཕང་ཝུའེ་དངོས་སྦྱོང་སློབ་སྐྱོར་གྱི་རུ་སྣེ་འཁྲིད་མཁན་དགེ་རྒན་ཡིན་པའི་ངོས་ནས་མཐའ་མཚམས་སུ་སློབ་ཁྲིད་བྱ་རྒྱུ་ནི་ལས་སླ་མོ་མིན་ཚུལ་དངོས་སུ་མྱོང་ཚོར་བྱུང་བ་མ་ཟད། སློབ་སྐྱོར་དགེ་རྒན་འཚར་ལོངས་བྱུང་ཚུལ་དང་ཁོང་ཚོས་ལེགས་སྐྱེས་འབུལ་བར་ཡང་བདེན་དཔང་བྱས་ཡོད། ཁོང་གིས་མ་གཞི་མི་སྒེར་གྱི་སྟོབས་ཤུགས་ལ་ཚད་ཡོད་ཀྱང་། སློབ་གསོའི་བྱ་གཞག་ལ་དགའ་ཞེན་དང་། རྒྱུན་འཁྱོངས་བྱེད་ཕོད་པ། ཁེ་གྲགས་མེད་པར་ལེགས་སྐྱེས་འབུལ་འདོད་ཡོད་པ་ཞིག་ཡིན་ཚེ། ཆུ་ཐིགས་བསགས་པའི་རྒྱ་མཚོ་བཞིན་སློབ་གསོའི་སྟོབས་ཤུགས་ལ་བརྟེན་ནས་མེས་རྒྱལ་གྱི་མེ་ཏོག་འདྲ་བའི་ཕྲུ་གུ་རྣམས་གངས་ལྗོངས་ས་མཐོའི་གང་སར་བཀྲག་མདངས་འཚེར་ངེས་ཡིན་པའི་ངོས་འཛིན་བྱས།
འབྲེལ་ཡོད་གསར་འགྱུར།