“གོ་ལ་ཧྲིལ་པོའི་ལྗང་མདོག་ཕྱོགས་སྒྱུར་གྱི་བརྒྱུད་རིམ་ནང་འགག་རྩའི་ནུས་པ་འདོན་པ”
—— འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་ལག་བསྟར་ཏུང་ཧྲི་པཱ་ཁེ་ཕུའུ་ལ་བཅར་འདྲི་བྱས་པ།
འཛམ་གླིང་དཔལ་འབྱོར་གླེང་སྟེགས་2026ལོའི་ལོ་ཚོགས་སུའེ་ཙེར་གྱི་ཏ་ཝོ་སིར་ཚོགས་བཞིན་ཡོད་ཅིང་། འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་ལག་བསྟར་ཏུང་ཧྲི་སའེ་པཱ་སི་ཏི་ཨན·པཱ་ཁེ་ཕུའུ་ཡིས་འདི་ག་ཚགས་པར་གྱི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས། “ཀྲུང་གོས་ནུས་རྒྱུའི་གྲུབ་ཆ་ཕྱོགས་སྒྱུར་དང་ལྗང་མདོག་ལག་རྩལ་གསར་གཏོད་ལ་སྐུལ་འདེད་བཏང་བ་བརྒྱུད། རང་ཉིད་སྤུས་ཚད་མཐོ་པོས་འཕེལ་རྒྱས་གཏོང་བ་དང་ཆབས་ཅིག་གོ་ལ་ཧྲིལ་པོའི་ལྗང་མདོག་ཕྱོགས་སྒྱུར་ལ་སྣེ་ཁྲིད་ཧུར་ཐག་ཀྱང་བྱེད་བཞིན་ཡོད”ཅེས་བརྗོད།
པཱ་ཁེ་ཕུའུ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། སྐབས་འདིའི་ལོ་ཚོཌ་ཀྱི་བརྗོད་དོན་གཙོ་བོ་ནི“གླེང་མོལ་གྱི་སྙིང་སྟོབས”ཞེས་པ་དེ་རེད། བརྗོད་དོན་དེ་འདྲ་ཞིག་གཏན་འཁེལ་བྱས་པའི་དམིགས་ཡུལ་ནི་རྒྱལ་སྤྱིའི་སྤྱི་ཚོགས་ལ་དེང་སྐབས་འཛམ་གླིང་གི་རྙོག་འཛིང་ཆེ་བའི་འགྱུར་ལྡོག་ཁྲོད་གླེང་མོལ་བྱེད་པར་ཤུགས་སྣོན་བརྒྱབ་ནས་སླར་ཡང་ཡིད་ཆེས་ཐོབ་པར་བྱ་རྒྱུའི་འབོད་སྐུལ་བྱེད་པའི་ཆེད་དུ་རེད། “ཀྲུང་གོ་ནི་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་མཉམ་ལས་རོགས་ཟླ་གལ་ཆེན་ཞིག་རེད། འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་སྣེ་ཁྲིད་པ་གསར་པའི་ལོ་ཚོགས(དབྱར་དུས་ཀྱི་ཏ་ཝོ་སི་གླེང་སྟེགས)ལོ་ལྟར་ཀྲུང་གོར་དུས་བཀག་ལྟར་འཚོགས་ཀྱི་ཡོད་པས་ང་ཚོས་གླེང་མོལ་དེ་རིགས་ཀྱི་ཁྲོད་དུ་ཀྲུང་གོས་ནུས་པ་གལ་ཆེན་མུ་མཐུད་འདོན་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད”ཅེས་པཱ་ཁེ་ཕུའུ་ཡིས་བཤད།
2009ལོ་ནས་བཟུང་། པཱ་ཁེ་ཕུའུ་ཡིས་ཀྲུང་གོར་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་རྣམ་གྲངས་ལས་དོན་ནང་ཞུགས་ཤིང་། ལོ་བཅུ་གྲངས་རིང་ཀྲུང་གོར་འཕེལ་རྒྱས་ཧ་ཅང་ཆེན་པོ་བྱུང་བ་ཁོང་ངོ་མས་མཐོང་ཡོད། པཱ་ཁེ་ཕུའུ་ཡིས་ཀྲུང་གོ་ནི་འཛམ་གླིང་གི་དཔལ་འབྱོར་དངོས་ཚན་ཆེ་གྲས་གཉིས་པ་ཡིན་པ་དང་ཆབས་ཅིག གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕར་བའི་སྒུལ་ཤུགས་ཀྱི་གནས་བབ་གལ་ཆེན་རྒྱུན་འཁྱོངས་བྱེད་བཞིན་ཡོད། “ང་ཚོས་ཀྲུང་གོའི་བཟོ་ལས་ཀྱི་སྟོབས་ཤུགས་དང་ལག་རྩལ་ཡར་རྒྱས་འགྲོ་བར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་ལ། ཀྲུང་གོ་འདི་ཉིད་བཅོས་སྐྱོང་གི་རོགས་ཟླ་གལ་ཆེན་དང་། ཚད་གཞི་གཏན་འབེབས་ཀྱི་རོགས་ཟླ་གལ་ཆེན། དམིགས་ཚད་མཐོར་གཏོང་གི་རོགས་ཟླ་གལ་ཆེན་བཅས་ལའང་བརྩི་ཡི་ཡོད”ཅེས་བརྗོད།
འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱིས་ཁྱབ་བསྒྲགས་བྱས་པའི་2025ལོའི་ནུས་རྒྱུ་ཕྱོགས་སྒྱུར་སྟོན་གྲངས་ལས་མངོན་པར། ཀྲུང་གོས་ནུས་རྒྱུ་གཙང་མའི་མ་འཇོག་དང་གསར་གཏོད་ཁྱབ་ཁོངས་ཀྱི་གཞི་ཁྱོན་གྱི་ལེགས་ཆར་བརྟེན་པ་བརྒྱུད། མིང་སྒྲིག་ནང་ཨང་བཅུ་གཉིས་པར་སླེབས་ནས་ལོ་རྒྱུས་ཀྱི་ཟིན་ཐོ་མཐོ་ཤོས་བཏོད་ཡོད། ན་ནིང་དབྱར་ཁར་པཱ་ཁེ་ཕུའུ་ཡིས་ནང་མི་འཁྲིད་དེ་ཀྲུང་གོར་ཡུལ་སྐོར་དུས་ཡུན་གཟའ་འཁོར་3བྱས་ཤིང་། དེའི་རིང་པེ་ཅིང་དང་། ཤིས་ཨན། ཧྲང་ཧའེ་སོགས་སུ་ལྟ་སྐོར་བྱས་ཡོད། “ཀྲུང་གོའི་ནམ་མཁའ་དེ་བས་དྭངས་བ་དང་གྲོང་ཁྱེར་གྱི་མཁའ་རླུང་སྤུས་ཚད་དེ་བས་ཡག་པོ་འདུག དེ་དག་ལས་རང་ཉིད་ལ་བག་ཆགས་སྔར་བས་ཟབ་མོ་བྱུང་། ནུས་རྒྱུ་ཕྱོགས་སྒྱུར་བྱ་རྒྱུ་དེ་ཀྲུང་གོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་འདྲེན་བྱེད་པའི་འགག་རྩའི་སྒུལ་ཤུགས་ཀྱི་གྲས་ཤིག་ཏུ་གྱུར་ཡོད། ཀྲུང་གོས་གོ་ལ་ཧྲིལ་པོའི་ལྗང་མདོག་ཕྱོགས་སྒྱུར་གྱི་བརྒྱུད་རིམ་ནང་འགག་རྩའི་ནུས་པ་བཏོན་ཡོད་ལ། ད་དུང་མུ་མཐུད་འདོན་རྒྱུའི་ཡིད་ཆེས་ཡོད”ཅེས་བརྗོད།
2026ལོ་ནི་ཀྲུང་གོའི“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་འགོ་ཚུགས་ལོ་རེད། “ཕྱོགས་ཡོངས་ནས་ལྗང་མདོག་ཕྱོགས་སྒྱུར་བྱ་རྒྱུ་ནི་ཀྲུང་གོའི་འབྱུང་འགྱུར་འཕེལ་རྒྱས་ཀྱི་ལས་འགན་གལ་ཆེན་གྱི་གྲས་ཤིག་ཡིན་པར་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱིས་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད” པཱ་ཁེ་ཕུའུ་ཡིས་ནུས་རྒྱུ་དང་། སྐྱེ་དངོས་ལག་རྩལ། མི་ཐབས་རིག་ནུས་སོགས་སྔོན་ཐོན་ཚན་རྩལ་ཁྱབ་ཁོངས་ཀྱིས་སྣོལ་སྦྲེལ་མཉམ་འདྲེས་བྱས་པ་དེས་འཕེལ་རྒྱས་འགྲོ་མྱུར་བའི་ཞིབ་བགོས་ཁྱབ་ཁོངས་མང་པོ་ཐོན་རྒྱུར་སྐུལ་སྤེལ་གཏོང་བཞིན་ཡོད། ཀྲུང་གོས་ཁྱབ་ཁོངས་དེ་དག་ནང་ཐོབ་པའི་གྲུབ་འབྲས་མངོན་གསལ་དོད་པོར་བརྟེན་ནས། གོ་ལ་ཧྲིལ་པོའི་ཐཱན་ཉུང་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པ་མ་ཟད། ད་དུང་ལག་རྩལ་ལ་བརྟེན་ནས་སྐུལ་འདེད་གཏོང་བའི་རེས་སྐོར་གསར་པའི་དཔལ་འབྱོར་འཕར་བའི་ཁྲོད་དུ་མདུན་གྲལ་དུ་སླེབས་ཐུབ་པའི་རེ་བའང་ཡོད་ཅེས་བརྗོད།
པཱ་ཁེ་ཕུའུ་ཡིས། འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་མཉམ་ལས་རོགས་ཟླ་གལ་ཆེན་ཞིག་ཡིན་པའི་ཀྲུང་གོར་ཕྱོགས་ཁག་གིས་མཐོང་ཆེན་པོ་བྱེད་ཅིང་། གླེང་སྟེགས་ཐོག་ཀྲུང་གོའི་གྲོས་གཞིར་དམིགས་པའི་གྲོས་བསྡུར་དང་རྣམ་གྲངས་མཉམ་ལས་ཀྱང་ཉིན་བཞིན་མང་དུ་འགྲོ་ཡི་འདུག “ང་ཚོས་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་འགག་རྩའི་ལས་སྟེགས་དེའི་ཐོག་ཀྲུང་གོས་མུ་མཐུད་སྒོ་དབྱེ་མཉམ་ལས་ཀྱི་བརྡ་རྟགས་བཏང་ནས་འགག་རྩའི་ནུས་པ་འདོན་ཐུབ་རྒྱུའི་རེ་སྒུག་ཆེན་པོ་བྱེད་ཀྱི་ཡོད་ལ་ཡིད་ཆེས་ཀྱང་ཡོད”ཅེས་བརྗོད།
འབྲེལ་ཡོད་གསར་འགྱུར།