2025ལོར་ནུས་རྒྱུའི་གཙོ་གནད་རྣམ་གྲངས་ལ་མ་དངུལ་བཏང་ཚད་སྒོར་དུང་ཕྱུར་ཁྲི་3.5ལས་ཐེངས་དང་པོར་བརྒལ་ནས།
དགུན་གློག་སྙོམས་སྒྲིག་གི་འབུད་རྫས་འདང་ངེས་ཡོད་པ།
ལོ་འཁོར་གྱི་གཙོ་གནད་རྣམ་གྲངས་ལ་མ་དངུལ་བཏང་ཚད་སྒོར་དུང་ཕྱུར་ཁྲི་3.5ལས་ཐེངས་དང་པོར་བརྒལ་ཡོད་ཅེས་ཟླ་1ཚེས་30ཉིན། རྒྱལ་ཁབ་ནུས་རྒྱུ་ཅུས་ཀྱིས་2025ལོའི་རྒྱལ་ཡོངས་ཀྱི་ནུས་རྒྱུའི་མ་རྩ་འཇོག་པའི་གྲུབ་འབྲས་ཁྱབ་བསྒྲགས་བྱས་པ་རེད།
ཉིན་དེར་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག རྒྱལ་ཁབ་ནུས་རྒྱུ་ཅུས་འཕེལ་རྒྱས་འཆར་འགོད་སིའི་སི་ཀྲང་གཞོན་པ་ཤིན་དབྱི་ཐེང་གིས། རྒྱལ་ཡོངས་ཀྱི་ནུས་རྒྱུའི་མ་རྩ་འཇོག་པའི་འཕར་ཚད་ཅུང་མགྱོགས་པོ་རྒྱུན་འཁྱོངས་ཐུབ་པ་དང་། ལོ་འཁོར་གྱི་གཙོ་གནད་རྣམ་གྲངས་ལ་མ་དངུལ་བཏང་ཚད་དུས་མཚུངས་ལས་11%ཙམ་འཕར་ནས་འཕར་ཚད་དེ་དུས་མཚུངས་ཀྱི་རྨང་གཞིའི་སྒྲིག་བཀོད་དང་བཟོ་སྐྲུན་ལས་རིགས་ལས་ཁག་སོ་སོར་བརྒྱ་ཆའི་གྲངས་12.9དང་། བརྒྱ་ཆའི་གྲངས་10.1གིས་མཐོ་བ་དང་། དེའི་ཁྲོད་ནང་སོག་དང་། ཤིན་ཅང་། ཧྲན་ཏུང་། ཀོང་ཏུང་། ཅང་སུའུ་བཅས་ཞིང་ཆེན་ལྔ་ཡིས་མ་དངུལ་བཏང་ཚད་སྒོར་དུང་ཕྱུར་2000ལས་བརྒལ་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
ནུས་རྒྱུ་ལྗང་མདོག་ཕྱོགས་སྒྱུར་གྱི་ལས་རྣམ་གསར་པར་མ་དངུལ་གཏོང་ཚད་མགྱོགས་མྱུར་མང་དུ་ཕྱིན་པ། 2025ལོར། བསྐྱར་སྐྱེས་ཐུབ་པའི་ནུས་རྒྱུའི་གློག་འདོན་བསྡུར་ཚད་བཅུ་ཆ་དྲུག་ལས་བརྒལ་ནས་ཆན་ཝ་ཆུ་ཚོད་དུང་ཕྱུར་ཁྲི་4ཙམ་ཟིན་ཏེ། ཡོ་རོབ་མནའ་འབྲེལ་རྒྱལ་ཁབ་27གྱི་གློག་སྤྱོད་བསྡོམས་འབོར་ལས་བརྒལ་བ་དང་། དེའི་ནང་སྐམ་སའི་རླུང་གློག་ལ་མ་དངུལ་གཏོང་ཤུགས་ཆེ་རུ་ཕྱིན་ནས་གཙོ་གནད་རྣམ་གྲངས་ལ་མ་དངུལ་བཏང་ཚད་དུས་མཚུངས་ལས་50%ཙམ་འཕར་ཡོད་པ་རེད། ནུས་གསོག་དང་ཆིང་ནུས་གསར་པའི་ཐོན་ལས་ལ་གསོན་ཤུགས་གསར་པ་རྒྱུན་མཐུད་རྒྱས་ནས། ལོ་ཧྲིལ་པོར་གཙོ་གནད་རྣམ་གྲངས་ལ་མ་དངུལ་བཏང་ཚད་ལོ་གོང་མ་ལས་ལྡབ་གཅིག་འཕར་བ་རེད།
2025ལོའི་ལོ་མཇུག་བར་ཏུ། རང་རྒྱལ་གྱི་བསྐྱར་སྐྱེས་ཐུབ་པའི་ནུས་རྒྱུའི་ཆིང་བཟོ་རྣམ་གྲངས་ཀྱི་ཐོན་ནུས་རིམ་རྩིས་བརྒྱབ་ན་ལོ་རེར་ཏུན་ཁྲི་25ལྷག་ཙམ་ཟིན་ནས་ལོ་གོང་མ་ལས་ལྡབ་གཅིག་འཕར་ཡོད་པ་དང་། ཤིན་ཅང་གི་ཁུའུ་ཁྲེ་དང་། ཉིང་ཞའི་ཉིང་ཏུང་། ནང་སོག་གི་ཁྲི་ཧྥུང་། ཅི་ལིན་གྱི་ཏ་ཨན་དང་སུང་ཡོན་སོགས་རྣམ་གྲངས་སྐྲུན་ཟིན་ནས་ཐོན་སྐྱེད་བྱེད་འགོ་ཚུགས་ཏེ། ཆིང་ནུས་ཐོན་སྐྱེད་དང་། གསོག་འདྲེན། བཀོལ་སྤྱོད་བཅས་ཀྱི་ཐོན་ལས་བརྒྱུད་རིམ་རིམ་བཞིན་མཉམ་སྦྲེལ་ཐུབ་ཅིང་ལག་རྩལ་སྒྲིག་ཆས་གལ་ཆེན་ཁག་གཅིག་ལ་ཚད་བརྒལ་གསར་པ་བྱུང་ཡོད་པ་རེད།
2026ལོར། རྒྱལ་ཁབ་ནུས་རྒྱུ་ཅུས་ཀྱིས་ཁྲོམ་རའི་གསོན་ཤུགས་འཕེལ་བར་བྱེད་པ་དང་འཕེལ་རྒྱས་ཀྱི་ཁོར་ཡུག་ལེགས་སུ་གཏོང་བ་སོགས་ལ་དམིགས་ནས། སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ་རྣམ་གྲངས་དོན་འཁྱོལ་ཀྱི“མཐའ་མའི་འགག་གནད”སེལ་རྒྱུ་ཡིན་པ་སྟེ། ཕྱོགས་གཅིག་ནས་སྲིད་ཇུས་ཀྱི་འབེན་གཏད་ཤུགས་འདོན་བྱེད་ཤུགས་ཆེ་རུ་བཏང་ནས་ཕན་འབྲས་དངོས་ཐོན་པར་བྱ་རྒྱུ་དང་། ལྗང་གློག་ཐད་སྦྲེལ་སྤྱོད་མང་བའི་དུད་ཚང་ལ་སྲིད་ཇུས་བཏོན་ནས་ཐཱན་མེད་གླིང་ཁུལ་དང་བཟོ་ལས་གློག་དྲ་ཕྲན་ཚེགས་སོགས་མགྱོགས་མྱུར་བཙུགས་སྟེ། ནུས་རྒྱུ་ཟད་གྲོན་ཆེ་བའི་ཚོང་དུད་ཁག་གིས་ནུས་རྒྱུ་གཙང་མ་ཚབ་སྤྱོད་ཐུབ་པར་སྐུལ་འདེད་གཏོང་རྒྱུ། བསྡུར་ཚད་མཐོ་བའི་ནུས་རྒྱུ་གསར་པ་དང་འཚམ་པའི་ཁྲོམ་རའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་ནུས་རྒྱུ་གསར་པ་འཕེལ་རྒྱས་གྱི་སྔོན་དཔག་བརྟན་པོ་ཡོང་བར་བྱ་རྒྱུ། ཕྱོགས་གཞན་ཞིག་ནས་ལམ་ལུགས་ཀྱི་འགན་སྲུང་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་རྣམ་གྲངས་འཁོར་རྒྱུག་ཐུབ་པར་བྱ་རྒྱུ། ས་སྤྱོད་དང་མཚོ་སྤྱོད་སོགས་ཀྱི་རྒྱུ་རྐྱེན་གཙོ་བོ་འགན་ལེན་བྱེད་ཤུགས་ཆེ་རུ་བཏང་ནས་སྲིད་ཇུས་དང་ཁྲོམ་རས་མཉམ་ཤུགས་བཏོན་སྟེ་མཉམ་སྒྲུབ་སྐུལ་འདེད་གཏོང་བའི་ནུས་རྒྱུའི་མ་རྩ་འཇོག་པའི་སྟོན་ཕྱོགས་ཆགས་པར་བྱ་རྒྱུ་ཡིན་པ་རེད།
ད་ལོའི་དགུན་གློག་སྙོམས་སྒྲིག་སྐབས། རྒྱལ་ཡོངས་ཀྱི་དྲོད་ཚད་ལོ་མང་རིང་གི་དུས་མཚུངས་དང་འདྲ་པོ་ཡོད་པའམ་ཡང་ན་དེ་ལས་ཅུང་དྲོ་ཙམ་ཡོད་མོད། འོན་ཀྱང་དྲོ་གྲང་འཕར་ཆག་འགྱུར་ལྡོག་མང་ལ་བྱང་རྒྱུད་ས་ཁུལ་དུ་མཁའ་རླུང་གྲང་ངད་ཆེ་ལ་དུས་མཚམས་རང་བཞིན་གྱི་གྲང་ངད་ཆེ་བའི་གནམ་གཤིས་རེས་སྐོར་ཐོན་མང་བས། རྒྱལ་ཡོངས་ཀྱི་གློག་སྤྱོད་ཚད་ལོ་རྒྱུས་ཐོག་གི་དགུན་སྒྲོལ་ཐེག་ཚད་ཆེ་ཤོས་ལས་ཐེངས་མང་བརྒལ་ཡོད་པ་རེད།
རྒྱལ་ཁབ་ནུས་རྒྱུ་ཅུས་གློག་ཤུགས་སིའི་སི་ཀྲང་གཞོན་པ་ལིའུ་མིང་དབྱང་གིས“མིག་སྔར་རྒྱལ་ཡོངས་སུ་འབུད་རྫས་གྲ་སྒྲིག་འདང་ངེས་དང་གློག་ཤུགས་མཁོ་སྤྲོད་བརྟན་པོ་ཡོད” དགུན་གློག་སྙོམས་སྒྲིག་བྱས་ཚུན་དུ། རྡོ་སོལ་ཐོན་འབོར་ཅུང་མང་བ་རྒྱུན་འཁྱོངས་ཐུབ་ཡོད། ཟླ་1ཚེས་27ཉིན། རྒྱལ་ཡོངས་སུ་གློག་ཁང་གི་མཛོད་ཉར་གློག་འདོན་རྡོ་སོལ་ཏུན་དུང་ཕྱུར་2.2གཅིག་གྱུར་བཀོད་གཏོང་བྱས་པ་དེ་ཉིན་26ལ་སྤྱོད་རྒྱུ་འདང་བས། རྡོ་སོལ་མཁོ་སྤྲོད་རྨང་གཞི་བརྟན་ལ་བློས་འགེལ་ཆོག་པ་དང་། ཁྲོམ་རའི་འཁོར་སྐྱོད་བརྟན་ལ་གོ་རིམ་ལྡན་པ་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།