དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་བཞི་པས་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-02-02

    ཚེས་1ཉིན་གྱི་ཕྱི་དྲོར། རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་བཞི་པས་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་འཚོགས་ཤིང་། འཕྲིན་ལས་དབང་རྒྱལ་དང་། སྐལ་བཟང་གཡུ་སྒྲོན། ལི་ཀྲེན་ཧྥང་སོགས་ཨུ་ཡོན་14ཡིས་མི་དམངས་སྲིད་གྲོས་ཀྱི་ངོ་བོའི་ངེས་གནས་དང་བོད་ཀྱི་ལས་དོན་གྱི་དོན་དངོས་ལ་གཞི་ཚུགས་ཏེ་ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་རྒྱུ་མཐའ་འཁྱོངས་ཀྱིས“དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་བརྒྱབ་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བ་དང་། ཞིང་འབྲོག་ཁྱད་ལྡན་དམངས་ཕྱུག་ཐོན་ལས་རྒྱ་སྟོབས་ཆེ་རུ་གཏོང་བ། ལེགས་ཆའི་ཐོན་ལས་མགྱོགས་མྱུར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་སྤྱི་ཚོགས་ལས་རིགས་ཁག་གིས་ཡོངས་ཁྱབ་ཏུ་དོ་ཁུར་བྱེད་པའི་གནད་དོན་ཐད་དགེ་མཚན་ལྡན་པའི་བསམ་འཆར་དང་གྲོས་འགོ་ཁག་སོ་སོར་བཏོན་གནང་བ་རེད།

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ལིའུ་ཅང་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་། རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་ཀྲུའུ་ཞི་གཞོན་པ་བཅས་ཡིན་པའི་བསོད་ནམས་ཉི་མ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་བསྟན་པ་བཅས་ཚོགས་འདུར་ཞུགས་ནས་མཛུབ་ཁྲིད་གནང་བ་མ་ཟད་ཨུ་ཡོན་ཚོའི་གཏམ་བཤད་ཀྱང་གསན་པ་རེད།

    རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་ཀྲུའུ་ཞི་གཞོན་པ་མོང་ཞའོ་ལིན་དང་། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ་དང་། རྫོང་ལོ་བྱམས་པ་མཁས་གྲུབ། ས་ལུང་ཕུན་ལགས། ངག་དབང་། སྒྲོལ་དཀར། ཡུས་ཡུན་ཀུའེ། ཝང་ཀང་བཅས་ཚོགས་འདུར་ཞུགས་པ་དང་། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་པད་མ་དབང་འདུས་ཀྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

    ཨུ་ཡོན་འཕྲིན་ལས་དབང་རྒྱལ་གྱིས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་ཧུར་ཐག་བསྟར་ནས་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་ནུས་ལྡན་བྱེད་པ་དང་། ཚན་རྩལ་ལ་མ་དངུལ་གཏོང་ཤུགས་རྒྱུན་མཐུད་ངང་ཆེ་རུ་གཏོང་བ། ཚན་ཞིབ་ལས་སྟེགས་མཐུན་སྦྱོར་གསར་གཏོད་ལ་སྐུལ་འདེད་གཏོང་བ། གཙོ་གནད་གནད་སྨིན་ངང་ཁོང་དུ་ཆུད་པར་བྱེད་པ། ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། ཤེས་ལྡན་པའི་སྲིད་ཇུས་དོན་འཁྱོལ་ལ་དམ་འཛིན་ཏན་ཏིག་བྱེད་པ། ཚན་ཞིབ་གྲུབ་འབྲས་གཞན་སྒྱུར་ལ་སྔར་བས་སྐུལ་འདེད་གཏོང་བ། ཚན་རྩལ་གསར་གཏོད་ཀྱི་གདེང་འཇོག་མ་ལག་སྔར་བས་ལེགས་སུ་གཏོང་བ་བཅས་བྱེད་དགོས་པའི་གྲོས་འགོ་བཏོན་གནང་བ་རེད།

    ཨུ་ཡོན་སྐལ་བཟང་གཡུ་སྒྲོན་གྱིས། ཐོན་ཁུངས་ཀྱི་དམིགས་བསལ་ལེགས་ཆར་གཞིགས་ནས་ཁྱད་ལྡན་ཐོན་ལས་ཀྱི་རྨང་གཞི་བརྟན་དུ་གཏོང་བ་དང་། ཚན་རྩལ་གྱིས་མཐུན་རྐྱེན་སྦྱོར་ཤུགས་ཆེ་རུ་བཏང་ནས་ཐོན་ལས་རིམ་སྤོར་གྱི་སྒུལ་ཤུགས་འཕེལ་བར་བྱེད་པ། ཐོན་ལས་ཀྱི་འཁོར་འབྲེལ་སྣུར་སྲིང་བྱས་ནས་རིན་ཐང་འཕར་སྣོན་གྱི་བར་མཐོངས་ཆེ་རུ་གཏོང་བ། འདེགས་སྐྱོར་མ་ལག་འཐུས་སྒོ་ཚང་དུ་བཏང་སྟེ་ཐོན་ལས་འཕེལ་རྒྱས་ཀྱི་ཁོར་ཡུག་ལེགས་སུ་གཏོང་བ་བཅས་བྱེད་དགོས་པའི་གྲོས་འགོ་བཏོན་གནང་བ་རེད།

    ཨུ་ཡོན་ལི་ཀྲེན་ཧྥང་གིས། མ་ལག་གི་འདུ་ཤེས་མཐའ་འཁྱོངས་བྱས་ནས་སྲུང་སྐྱོང་གི་བར་མཐོངས་བཀོད་པ་ལེགས་སུ་གཏོང་བ་དང་། ཚན་རྩལ་གྱི་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་བཏང་སྟེ་གནད་སྨིན་སྲུང་སྐྱོང་གི་ཆུ་ཚད་མཐོ་རུ་གཏོང་བ། ལམ་ལུགས་དང་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་སྲུང་སྐྱོང་དང་དོ་དམ་གྱི་འགན་འཁྲི་ནན་དུ་གཏོང་བ། སྒྲིག་སྲོལ་དང་ལམ་སྲོལ་གསར་གཏོད་བྱས་ཏེ་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་པའི་གྲོས་འགོ་བཏོན་གནང་བ་རེད།

    ཨུ་ཡོན་ཐུབ་བསྟན་མཁས་གྲུབ་ཀྱིས། ཐོན་ལས་མཐུན་སྦྱོར་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བ་དང་། ཞིང་ཆུ་འདྲེན་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ། རང་ལྗོངས་ཀྱི་གློག་ཤུགས་འདྲེན་སྤྱོད་ཁྲོམ་ར་རྒྱ་སྐྱེད་གཏོང་བ། རྩལ་ནུས་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། འབྲེལ་མཐུད་མཉམ་ལས་ཀྱི་མ་ལག་འཐུས་ཚང་ཞིག་འཛུགས་པ་བཅས་བྱེད་དགོས་པའི་གྲོས་འགོ་བཏོན་གནང་བ་རེད།

    ཨུ་ཡོན་ངག་དབང་རྒྱལ་མཚན་གྱིས། སློབ་གསོ་སྔོན་ལ་འཇོག་རྒྱུ་མཐའ་འཁྱོངས་ཀྱིས་དེང་རབས་ཅན་གྱི་སློབ་གསོའི་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་མི་འབོར་གྱི་བྱང་ཚད་མཐོ་རུ་གཏོང་བ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་རྐང་དུ་བྱས་ནས་དམངས་ཕན་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་བ། མང་ཚོགས་ཀྱི་ནང་སྐྱེས་སྒུལ་ཤུགས་འཕེལ་བར་བྱེད་པ། ཤེས་ལྡན་པའི་སྒྲིག་སྲོལ་སྒྱུར་བཅོས་ཟབ་ཏུ་གཏོང་བ། ཤེས་ལྡན་པ་ནང་འདྲེན་དང་གསོ་སྐྱོང་གནད་སྨིན་བྱེད་པ། ཞབས་ཞུ་འགན་སྲུང་ལེགས་སུ་གཏོང་བ་བཅས་བྱས་ནས་ཤེས་ལྡན་པའི་ཕུགས་ཀྱི་སེམས་ཁྲལ་སེལ་དགོས་པའི་གྲོས་འགོ་བཏོན་གནང་བ་རེད།

    གཞན་ཡང་ཨུ་ཡོན་དབང་ལེང་དང་། ཚེ་རིང་ཆོས་འཛིན། ལིའུ་ཅུན་ཐའོ། ལིའུ་ཀྲི་ལི། ཅང་མེའོ་མེའོ། ཧོང་ཡུང་ཆིང་། ཚེ་བརྟན་བདེ་སྐྱིད། དོན་དབང་། ངག་དབང་བསྟན་འཛིན་བཅས་ཀྱིས་བོད་ཀྱི་ནུས་རྒྱུ་གཙང་མའི་ཐོན་ལས་འཕེལ་རྒྱས་ཀྱི་མཐོ་ས་གསར་པ་གཏོད་པ་དང་། སྡེ་ཁུལ་གྱི་ལས་དོན་པའི་ལས་རིགས་མ་ལག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། གཞི་རིམ་གྱི་སྲིད་གྲོས་ཨུ་ཡོན་གྱི་འགན་སྒྲུབ་ནུས་པ་ཆེ་རུ་གཏོང་བ་སོགས་ལ་དམིགས་ནས་ཁག་སོ་སོར་གཏམ་བཤད་གནང་བ་རེད།

    རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་ཨུ་ལྷན(གཞུང་དོན་ཁང)དང་། ཐིང་། ཅུས་བཅས་ཀྱི་འགན་འཁུར་བ་ཚོགས་འདུར་ཕེབས་ནས་ཚོགས་ཆེན་གྱི་གཏམ་བཤད་གསན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།