ལོ་གསར་གྱི་སྔ་ནུབ་ཏུ་དཀའ་ངལ་ཡོད་པའི་མང་ཚོགས་ལ་དྲོ་སྐྱིད་ཇི་ལྟར་སྦྱིན་དགོས་སམ།
ཀློག་པ་པོའི་དོ་ཁུར།
ཉེ་ཆར་གསར་འགྱུར་ལྟ་སྐབས། ས་ཆ་མང་པོ་ཞིག་གིས་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བ་འགན་སྲུང་གི་ལས་དོན་ཡག་པོ་བསྒྲུབས་ནས་དཀའ་ངལ་ཡོད་པའི་མང་ཚོགས་དྲོ་སྐྱིད་ལྡན་པའི་ངང་དགུན་སྒྲོལ་ཐུབ་པ་དང་འཆམ་མཐུན་ངང་དུས་ཆེན་གཏོང་ཐུབ་པ་བྱེད་དགོས་པའི་བླང་བྱ་བཏོན་འདུག ལོ་རྙིང་ཕར་ལ་བསྐྱལ་ཞིང་ལོ་གསར་ཚུར་ལ་བསུ་བའི་དུས་སུ། ཁྱིམ་ཚང་གི་འགྲོ་སོང་ནམ་རྒྱུན་ལས་མང་བས། ཉེ་དུས་དཀའ་ངལ་ཡོད་པའི་མང་ཚོགས་ལ་རོགས་སྐྱོར་བྱེད་པའི་དམིགས་སའི་རང་བཞིན་གྱི་བྱ་ཐབས་གང་དག་ཡོད་དམ།
ཟླ་1ཚེས་29ཉིན། དམངས་སྲིད་པུའུ་སྤྱི་ཚོགས་རོགས་སྐྱོབ་སི་ཡི་འབྲེལ་ཡོད་འགན་འཁུར་བས་འཆར་ཅན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག“དུས་འགོར། དམངས་སྲིད་པུའུ་དང་ནོར་སྲིད་པུའུ་ཡིས་2026ལོའི་ཀྲུང་དབྱང་ནོར་སྲིད་ཀྱི་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་རོགས་སྐྱོབ་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་1410སྔ་སྣུར་དུ་གཤམ་སྤྲོད་བྱས་ཏེ། ས་གནས་ཀྱི་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བའི་འགན་སྲུང་ལ་མ་དངུལ་གྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ཡོད། པེ་ཅིང་དང་། ཐེན་ཅིན། ཧྲང་ཧའེ། ཅང་སུའུ། ཉིང་ཞ་སོགས་ཞིང་ཆེན་གྱིས་དངུལ་སྨར་དང་། འཛད་སྤྱོད་འཛིན་ཤོག དངོས་པོ་སོགས་སྤྲོད་པའི་བྱ་ཐབས་ལ་བརྟེན་ནས་དཀའ་ངལ་ཡོད་པའི་མང་ཚོགས་ལ་ཐེངས་གཅིག་རང་བཞིན་གྱི་འཚོ་བའི་ཁ་གསབ་སྤྲད་ཡོད”ཅེས་བརྗོད།
སྲིད་ཇུས་དོན་འཁྱོལ་བྱེད་ཤུགས་དེ་བས་ཆེ་རུ་བཏང་ཞིང་། དམངས་སྲིད་པུའུ་ཡིས་ས་གནས་ཁག་ལ་མ་མཐའི་འགན་སྲུང་དང་དམིགས་བསལ་དཀའ་ངལ་ཡོད་མཁན་ལ་བསྙེན་བཀུར་བྱེད་པ་སོགས་གཞི་རྩའི་འཚོ་བའི་རོགས་སྐྱོབ་སྲིད་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་ཚད་ལྡན་བྱ་རྒྱུར་མཛུབ་ཁྲིད་བྱས་ཏེ། ཆ་རྐྱེན་འཛོམས་པའི་རེ་ཞུ་བྱེད་མཁན་ཚང་མ་དུས་ཐོག་ཏུ་རོགས་སྐྱོབ་བྱེད་ཁོངས་སུ་བཅུག་ནས“འགན་ལེན་བྱེད་དགོས་རིགས་ཆ་ཚང་འགན་ལེན་དང་། རོགས་སྐྱོབ་བྱེད་དགོས་རིགས་ཆ་ཚང་རོགས་སྐྱོབ་ཐུབ་པ”བྱེད་པ་དང་། མ་མཐའི་འགན་སྲུང་དངུལ་དང་དམིགས་བསལ་དཀའ་ངལ་ཡོད་མཁན་གྱི་རོགས་སྐྱོབ་བསྙེན་བཀུར་དངུལ་དུས་ཐོག་ཏུ་འདང་ངེས་སྤྲད་དེ། ཆ་རྐྱེན་ཡོད་པའི་ས་གནས་ཀྱིས་གནམ་ལོ་གསར་ཚེས་དང་དཔྱིད་གསར་དུས་ཆེན་རིང་རོགས་སྐྱོབ་དངུལ་སྔ་སྣུར་དུ་སྤྲོད་པའམ་ཡང་ན་ཐེངས་གཅིག་རང་བཞིན་གྱི་འཚོ་བའི་ཁ་གསབ་འཕར་མ་སྤྲོད་པར་སྐུལ་མ་གཏོང་བ། ས་གནས་ཁག་གིས་དུས་ཆེན་རིང་མ་མཐའི་འགན་སྲུང་དང་དམིགས་བསལ་དཀའ་ངལ་གྱི་བསྙེན་བཀུར་རེ་ཞུ་བྱེད་མཁན་མང་ཚོགས་ལ་ལས་རིམ་སྔར་བས་ལེགས་སུ་བཏང་ནས་ཞིབ་བཤེར་གཏན་འཁེལ་དང་མ་དངུལ་སྤྲོད་པའི་མྱུར་ཚད་མགྱོགས་སུ་གཏོང་བ། གནས་སྐབས་ཀྱི་རོགས་སྐྱོབ་སྲིད་ཇུས་བེད་སྤྱོད་ཡག་པོ་བྱས་ནས་རོགས་སྐྱོབ་ཀྱི་གོ་ཆོད་ཡུན་ཚད་ཆེ་རུ་གཏོང་བ་བཅས་བྱས་ཡོད་པ་རེད།
རེ་ཞུ་དང་ལེན་གྱི་མྱུར་ཚད་དེ་བས་མགྱོགས་སུ་བཏང་ཞིང་། དམངས་སྲིད་པུའུ་ཡིས་གྲངས་གཞི་ཆེ་མོ་དང་ས་ཡུལ་དངོས་ཀྱི་ཞབས་ཞུ་ཟུང་འབྲེལ་གྱི་བྱ་ཐབས་སྤྱད་དེ། མ་མཐའི་འགན་སྲུང་བྱ་ཡུལ་དང་། དམིགས་བསལ་དཀའ་ངལ་ཡོད་མཁན། མ་མཐའི་འགན་སྲུང་གི་མཐར་ལུས་ཁྱིམ་ཚང་གི་ཁོངས་མི། མི་གཏོང་ཀ་མེད་ཀྱི་གཏོང་སྒོ་བཏང་བའི་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་ཁོངས་མི་བཅས་དང་དེ་བཞིན་ཉེ་དུས་རོགས་སྐྱོབ་བྱེད་ཁོངས་ནས་ཕྱིར་འཐེན་བྱས་པའི་མི་སྣ་སོགས་ལ་འགུལ་རྣམ་ལྟ་ཞིབ་ཚད་ལེན་བྱེད་ཤུགས་ཆེ་རུ་བཏང་ནས“དུས་ཐོག་ཏུ་སྔོན་ཚུད་ཉེན་བརྡ་གཏོང་བ་དང་མགྱོགས་མྱུར་ཐག་གཅོད”ཐུབ་པ་བྱེད་པ་དང་། ཟོག་གོང་འགྱུར་ལྡོག་འགྲོ་ཚུལ་ལ་དོ་སྣང་ཆེན་པོ་བྱས་ཏེ། སྤྱི་ཚོགས་ཀྱི་རོགས་སྐྱོབ་དང་འགན་སྲུང་ཚད་གཞི་དེ་ཟོག་གོང་འཕར་བ་དང་འབྲེལ་བའི་མཉམ་འགུལ་ལམ་སྲོལ་སྐབས་བསྟུན་ལག་ལེན་བསྟར་ནས། གཏན་འབེབས་གཞིར་བཟུང་། དཀའ་ངལ་ཡོད་པའི་མང་ཚོགས་ལ་རིན་གོང་གི་གནས་སྐབས་ཁ་གསབ་སྤྲོད་པ། དུས་ཆེན་རིང་མི་སྣའི་ལས་རེས་ལ་ཤུགས་སྣོན་བརྒྱབ་ནས་པུའུ་དང་། ཞིང་ཆེན། གྲོང་ཁྱེར། རྫོང་བཅས་ཀྱི་སྤྱི་ཚོགས་རོགས་སྐྱོབ་ཞབས་ཞུའི་ཐད་སྦྲེལ་ཁ་པར་3700ལྷག་ཙམ་ཤར་གཏོང་ཐུབ་པའི་འགན་ལེན་བྱས་ཏེ“རོགས་སྐྱོབ་རེ་ཞུ་བྱེད་རིགས་ལ་ལན་ཡོད་པ་དང་དུས་ཐོག་ཏུ་རོགས་སྐྱོབ་ཐུབ་པ”བཅས་བྱེད་ཀྱི་ཡོད་པ་རེད།
དམངས་སྲིད་པུའུ་སྤྱི་ཚོགས་རོགས་སྐྱོབ་སིའི་འབྲེལ་ཡོད་འགན་འཁུར་བས“ཐོག་མའི་བསྡོམས་རྩིས་ལྟར་ན། མིག་སྔར་ཞིང་ཆེན་17དང་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་གྱིས་དྲོད་ལེན་རོགས་སྐྱོབ་ཀྱི་ཁྱབ་ཁོངས་རྒྱ་ཆེ་རུ་བཏང་སྟེ། དྲོད་ལེན་རོགས་སྐྱོབ་དེ་མ་མཐའི་འཚོ་བ་འགན་སྲུང་གི་མཐར་ལུས་ཁྱིམ་ཚང་དང་མི་གཏོང་ཀ་མེད་ཀྱི་གཏོང་སྒོ་བཏང་བའི་དཀའ་ངལ་ཡོད་པའི་ཁྱིམ་ཚང་བར་རྒྱ་ཆེ་རུ་བཏང་ཡོད། དགུན་ཁ་ཤར་ཚུན། བྱང་རྒྱུད་ས་ཁུལ་དང་གནོད་འཚེ་ཕོག་ཁུལ་གྱི་འབྲེལ་ཡོད་ཞིང་ཆེན་གྱིས་རིམ་རྩིས་བརྒྱབ་ན་མ་དངུལ་སྒོར་དུང་ཕྱུར་31བཏང་ནས་དཀའ་ངལ་ཡོད་པའི་མང་ཚོགས་ལ་དྲོད་ལེན་ཁ་གསབ་དང་དྲོད་ལེན་དངོས་ཟོག་སྤྲད་ཡོད”ཅེས་བརྗོད།
སྤྱི་ཚོགས་རོགས་སྐྱོབ་ལ་དེ་བས་དྲོད་འཁོལ་ལྡན་པར་བྱེད་པ། ཞབས་ཞུའི་རིགས་ཀྱི་སྤྱི་ཚོགས་རོགས་སྐྱོབ་ཀྱིས་སྣ་མང་ཞབས་ཞུ་དང་བསམ་པའི་དོ་ཁུར་གཙོ་བོར་བྱས་ནས། 2024ལོའི་ཟླ་8པར། དམངས་སྲིད་པུའུ་དང་ནོར་སྲིད་པུའུ་ཡིས《རྒྱལ་ཡོངས་ཀྱི་ཞབས་ཞུའི་རིགས་ཀྱི་སྤྱི་ཚོགས་རོགས་སྐྱོབ་ཀྱི་ཚོད་ལྟའི་ལས་དོན་ཇུས་གཞི》མཉམ་དུ་བཀྲམ་སྟེ། རྒྱལ་ཡོངས་ཀྱི་ཚོད་ལྟའི་ས་ཁུལ་69རུ་ཞབས་ཞུའི་རིགས་ཀྱི་སྤྱི་ཚོགས་རོགས་སྐྱོབ་ཚོད་ལྟ་བྱས་པ་རེད། ཚོད་ལྟའི་ལས་དོན་སྤེལ་ཚུན། སྤྱི་ཚོགས་རོགས་སྐྱོབ་དེ་དངོས་པོ་རྐྱང་པའི་རོགས་སྐྱོབ་ནས་དངོས་པོ་དང་ཞབས་ཞུ་ཟུང་འབྲེལ་གྱི་ཕྱོགས་བསྡུས་རོགས་སྐྱོབ་རྣམ་པར་བསྒྱུར་བ་དང་། སྨན་པ་བསྟེན་རོགས་དང་ནད་གཡོག བཟའ་བཅའ་སྟེར་རོགས། གཟུགས་པོ་བཀྲུ་རོགས། སེམས་གསོ་གཏོང་བ། སྤྱི་ཚོགས་ལ་མཉམ་འདྲེས་སོགས་ཀྱི་ཞབས་ཞུས་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་འཚོ་བ་སྔར་བས་སྐྱིད་དུ་བཏང་བ་རེད།
རྒྱལ་ཡོངས་བཟོ་ཚོགས་ཁོངས་གཏོགས་ཀྱིས་བཟོ་ཚོགས་ཀྱིས་དྲོ་སྐྱིད་སྦྱིན་པའི་བྱ་སྤྱོད་གཅིག་གྱུར་ཐོག་སྤེལ་ཏེ། དཀའ་ངལ་ཡོད་པའི་ལས་བཟོ་དང་གཙོ་གནད་ཚོགས་སྤྱིའི་ལས་བཟོར་དམིགས་ནས། ལས་བཟོ་ཚོས་དྲོ་སྐྱིད་ལྡན་པའི་ངང་དགུན་སྒྲོལ་ཐུབ་པར་འགན་ལེན་བྱས་པ་དང་། ངལ་རྩོལ་དཔེ་བཟང་དང་། དཀའ་ངལ་ཡོད་པའི་ལས་བཟོ། ལས་ཞུགས་རྣམ་པ་གསར་པའི་ངལ་རྩོལ་པ་སོགས་གཙོ་གནད་ཚོགས་སྤྱིར་དམིགས་ཏེ་རྒྱ་ཁྱབ་ངང་འཚམས་འདྲི་བྱས་ནས། གཙོ་གནད་ཚོགས་སྤྱིའི་ལས་བཟོར་སེམས་ཁུར་ཆེན་པོ་གནད་དུ་འཁེལ་བ་བྱེད་ཀྱི་ཡོད། ཀྲུང་གོ་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་2026ལོའི“དགུན་དུས་དབང་པོ་སྐྱོན་ཅན་ལ་རོགས་སྐྱོར་བྱེད་པའི”ལས་དོན་སྤེལ་ནས། ཐོལ་བྱུང་རང་བཞིན་དང་མྱུར་མཁོའི་རང་བཞིན་གྱི་དཀའ་ངལ་ཡོད་པའི་དབང་པོ་སྐྱོན་ཅན་མང་ཚོགས་ཀྱི་གཞི་རྩའི་འཚོ་བར་འགན་སྲུང་དང་། དཀའ་ངལ་ཡོད་པའི་ཚབས་ཆེའི་དབང་པོ་སྐྱོན་ཅན་ལ་གཅེས་སྐྱོང་རོགས་སྐྱོར་ལས་དོན་ཤུགས་ཆེན་སྤེལ་ནས། དམངས་འཚོའི་མཐའ་ཚད་བརྟན་སྲུང་བྱས་པ་དང་། ལས་ཞུགས་ཐད་དཀའ་ངལ་ཡོད་པའི་དབང་པོ་སྐྱོན་ཅན་ལ་ལས་ཞུགས་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་ལས་ཞུགས་ཐུབ་པའི་དབང་པོ་སྐྱོན་ཅན་གྱི་ངལ་རྩོལ་ཁེ་དབང་ལ་འགན་སྲུང་བྱེད་ཀྱི་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།