དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • སྡེ་ཚན་གཉིས་ཀྱིས་ཡིག་ཆ་བཀྲམ་ནས་གནས་སྐབས་རོགས་སྐྱོབ་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་བ།

    ​ཛ་དྲག་དང་དཀའ་ཚེགས་དོན་ཚན་གྱི“འབོར་ཉུང་མྱུར་སྐྱོབ”བྱེད་ཐབས་ཉིན་གསུམ་ནང་ཚུན་དུ་སྒྲུབ་གཉེར་ཐུབ་པ་བྱ་རྒྱུ་ཡིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-02-01

    ཚེས་29ཉིན། གསར་འགོད་པས་དམངས་སྲིད་པུའུ་ནས་ཤེས་རྟོགས་བྱས་པར། ཡུན་རིང་མ་སོང་གོང་། དམངས་སྲིད་པུའུ་དང་ནོར་སྲིད་པུའུ་ཡིས་མཉམ་དུ《གནས་སྐབས་རོགས་སྐྱོབ་ལམ་ལུགས་སྔར་བས་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར》བཀྲམ་ནས་ཛ་དྲག་དང་དཀའ་ཚེགས་དོན་ཚན་གྱི“འབོར་ཉུང་མྱུར་སྐྱོབ”ཀྱི་བྱེད་ཐབས་ཕྱོགས་ཡོངས་ནས་ཁྱབ་གདལ་བཏང་སྟེ་སྒྲུབ་གཉེར་དུས་བཅད་སྤྱིར་ན་ཉིན་3ལས་བརྒལ་མི་ཆོག་པའི་བླང་བྱ་བཏོན་ཡོད།

    བསམ་འཆར་ནང་ཁ་གསལ་བཏོན་དོན། གློ་བུར་དུ་ཐོན་པའི་རྐྱེན་ངན་གོད་ཆག་བྱུང་བ་དང་། བསམ་ཡུལ་ལས་འདས་པའི་རྨས་སྐྱོན་ཕོག་པ། ནད་གཞི་ཚབས་ཆེན་ཕོག་པ་སོགས་ཛ་དྲག་གི་གནས་ཚུལ་དབང་གིས་གཞི་རྩའི་འཚོ་བར་གནས་སྐབས་དཀའ་ངལ་ཆེན་པོ་འཕྲད་པའི་ཁྱིམ་ཚང་ངམ་ཡང་ན་མི་སྒེར་ལ“འབོར་ཉུང་མྱུར་སྐྱོབ”ལག་བསྟར་བྱས་ཏེ། མགྱོགས་མྱུར་རེ་ཞུ་ཐུབ་པ་དང་ཞིབ་དཔྱད་སྒྲུབ་གཉེར་གྱི་གོ་རིམ་སྟབས་བདེ་རུ་གཏོང་དགོས། དེ་དང་ཆབས་ཅིག་རོགས་སྐྱོབ་ཚད་གཞིའི་རིམ་པ་མཐོ་ཤོས་དེ་ས་གནས་དེ་གའི་ཟླ་བ་གཅིག་གི་འཚོ་བའི་འགན་སྲུང་ཚད་གཞི་དམའ་ཤོས་ལས་བརྒལ་མི་ཆོག་པ་དང་། “དངུལ་འབོར་ཉུང་བ་དང་། ཞིབ་བསྡུར་བྱེད་མི་དགོས་པ། མགྱོགས་པོ་གཉེར་བ”བཅས་བྱས་ཏེ་གནས་སྐབས་དཀའ་ངལ་སེལ་བའི་ལམ་ལུགས་ཀྱི་ནུས་ཕྱོད་ཆེ་རུ་གཏོང་དགོས།

    བསམ་འཆར་ནང་བཏོན་དོན། སློབ་གསོ་དང་སྨན་བཅོས་སོགས་དགོས་ངེས་ཀྱི་འགྲོ་སོང་གཏོང་དགོས་པའི་རྐྱེན་གྱིས་སྐབས་ཤིག་རིང་ཁྱིམ་ཚང་གི་དཔལ་འབྱོར་གྱི་ཁུར་པོ་ལྕི་རུ་སོང་ནས་འཚོ་བར་དཀའ་ངལ་ཆེན་པོ་འཕྲད་པའི་ཁྱིམ་ཚང་དང་སྐྱོབ་གསོ་ལེན་དགོས་པའི་མཚམས་སུ་སླེབས་པའི་ཁྱིམ་ཚང་ཡོངས་བསྒྲགས་བྱས་རྗེས་གནས་སྐབས་རོགས་སྐྱོབ་བྱས་ཏེ། ཁོང་ཚོའི་གཞི་རྩའི་འཚོ་བར་དེ་བས་ལེགས་པའི་སྒོ་ནས་འགན་ལེན་བྱེད་དགོས་ལ། དེ་བས་ནུས་ལྡན་གྱི་སྐས་རིམ་རོགས་སྐྱོབ་ཀྱི་རྣམ་པ་ཆགས་པར་བྱེད་དགོས།

    མ་མཐའི་འཚོ་བ་དང་དམིགས་བསལ་དཀའ་ངལ་གྱི་སྐྱོབ་གསོ་སོགས་གཞི་རྩའི་འཚོ་བའི་རོགས་སྐྱོབ་དང་དེ་བཞིན་སློབ་གསོའི་རོགས་སྐྱོབ་དང་། སྨན་བཅོས་རོགས་སྐྱོབ། སྡོད་ཁང་རོགས་སྐྱོབ། ལས་ཞུགས་རོགས་སྐྱོབ་སོགས་ཆེད་དོན་རོགས་སྐྱོབ་བྱས་རུང་། གཞི་རྩའི་འཚོ་བར་སྔར་བཞིན་དཀའ་ངལ་ཆེན་པོ་འཕྲད་པའི་མང་ཚོགས་ལ་བསམ་འཆར་ནང་དུས་ཐོག་ཏུ་གནས་སྐབས་རོགས་སྐྱོབ་བྱེད་དགོས་པ་མ་ཟད། འབྲེལ་ཡོད་ཞིབ་དཔྱད་ཞིབ་མཆན་གྱི་གོ་རིམ་སྔར་བས་སྟབས་བདེ་རུ་གཏོང་དགོས་པ་བཏོན་ཡོད། དཔེར་ན། གཏན་འཁེལ་བྱས་ཟིན་པའི་མ་མཐའི་འཚོ་བ་འགན་ལེན་གྱི་ཁྱིམ་ཚང་དང་མ་མཐའི་འཚོ་བའི་མཚམས་སུ་སླེབས་པའི་ཁྱིམ་ཚང་ངམ་ཡང་ན་གཏོང་དགོས་ངེས་ཀྱི་འགྲོ་སོང་ཐད་དཀའ་ངལ་འཕྲད་པའི་ཁྱིམ་ཚང་བཅས་ལ་གནས་སྐབས་རོགས་སྐྱོབ་བྱེད་སྐབས་ཁྱིམ་ཚང་གི་གཏོང་སྒོའི་གནས་ཚུལ་ལ་གཙོ་གནད་ཐོག་ཞིབ་དཔྱད་བྱེད་པ་ལས། དུས་ཡུན་ངེས་ཅན་ཞིག་ནང་ཁྱིམ་ཚང་གི་ཡོང་འབབ་དང་རྒྱུ་ནོར་གནས་ཚུལ་ལ་ཞིབ་དཔྱད་བྱེད་དགོས་ཀྱི་མེད།

    གཞི་རྩའི་འཚོ་བར་དཀའ་ངལ་འཕྲད་པ་དང་འགན་བཅོལ་ནང་ཞུགས་མེད་པའི་ལས་ཤོར་མི་སྣ་དང་ལས་ཀ་རག་མེད་པའི་མཐོ་སློབ་སློབ་ཐོན་སློབ་མ་སོགས་ཀྱི་ཚོགས་སྤྱི་དང་དེ་བཞིན་མ་མཐའི་འཚོ་བའི་འགན་ལེན་དང་དམིགས་བསལ་དཀའ་ངལ་གྱི་སྐྱོབ་གསོའི་དངུལ་རེ་ཞུ་བྱས་རུང་། ཞིབ་དཔྱད་བྱེད་བཞིན་པའི་དུས་སུ་འཁེལ་བའམ་ཡང་ན་སྐྱོབ་གསོའི་དངུལ་རག་མེད་པ་དང་འཚོ་བ་འཁྱོལ་ཐབས་བྲལ་ལ་འཕྲལ་དུ་རོགས་སྐྱོབ་བྱེད་དགོས་པའི་དཀའ་ངལ་ཡོད་པའི་མང་ཚོགས་ལ་བསམ་འཆར་ནང་དོན་དངོས་དང་ཟུང་འབྲེལ་བྱས་ནས་གཏན་འབེབས་ལྟར་གནས་སྐབས་རོགས་སྐྱོབ་བྱེད་དགོས་པ་བཏོན་ཡོད།

    བསམ་འཆར་ནང་ནན་བཤད་བྱས་དོན། ས་གནས་ཁག་གིས་ས་གནས་དེ་གའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆུ་ཚད་ལ་གཞི་ཚུགས་པ་དང་གནས་སྐབས་རོགས་སྐྱོབ་ཀྱི“གཞི་རྩའི་འགན་ལེན”གྱི་ངེས་གནས་ལ་དམིགས་ཏེ་ཡུལ་བབ་དང་བསྟུན་ནས་གནས་སྐབས་རོགས་སྐྱོབ་ཀྱི་ཚད་གཞི་ལུགས་མཐུན་ངང་གཏན་འབེབས་བྱེད་དགོས་པ་ལས། དོན་དངོས་ལས་ལྡོག་སྟེ་རྨོངས་ཚོད་ཀྱིས་ཚད་གཞི་མཐོ་རུ་གཏོང་མི་ཆོག་པ་དང་། གནས་སྐབས་རོགས་སྐྱོབ་ཀྱི་ཚད་གཞིའི་ཐད་དཀའ་ངལ་འཕྲད་པའི་མི་གྲངས་དང་། དུས་ཚོད་ཇི་ཙམ་སོང་བ། དཀའ་ངལ་གྱི་ཚབས་ཆེ་ཆུང་སོགས་ཀྱི་རྒྱུ་རྐྱེན་ལ་ཕྱོགས་བསྡུས་བསམ་གཞིག་བྱས་ཏེ་རོགས་སྐྱོབ་བྱ་ཡུལ་ལ་གནས་སྐབས་དཀའ་ངལ་འཕྲད་རིང་གི་གཞི་རྩའི་འཚོ་བར་མཁོ་བའི་འགྲོ་གྲོན་ལ་གཞིགས་ཏེ་རིམ་པ་དབྱེ་ནས་གཏན་འཁེལ་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།