དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《ལས་ཀའི་ཇུས་གཞི》པར་འགྲེམས་བྱས་ནས་ཞབས་ཞུའི་འཛད་སྤྱོད་ཀྱི་འཕར་གཞི་གསར་པ་སྐྱེད་སྲིང་མགྱོགས་པོ་བྱེད་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2026-02-01

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་29ཉིན་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《ཞབས་ཞུའི་འཛད་སྤྱོད་ཀྱི་འཕར་གཞི་གསར་པ་སྐྱེད་སྲིང་མགྱོགས་པོ་བྱ་རྒྱུའི་སྐོར་གྱི་ལས་ཀའི་ཇུས་གཞི》(གཤམ་དུ《ལས་ཀའི་ཇུས་གཞི》ཞེས་བསྡུ་རྒྱུ)པར་འགྲེམས་བྱས་ཤིང་། དེའི་དམིགས་ཡུལ་ནི་ཞབས་ཞུ་དང་མཁོ་སྤྲོད་བྱེད་སྟངས་ལེགས་སུ་དང་རྒྱ་ཆེ་རུ་བཏང་སྟེ། ཞབས་ཞུའི་འཛད་སྤྱོད་ཀྱི་སྤུས་ཚད་མཐོ་རུ་དང་དམངས་ལ་ཕན་པ་འདོགས་པར་སྐུལ་འདེད་བཏང་ནས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་ནུས་ལྡན་བྱ་རྒྱུ་དེ་རེད།

    《ལས་ཀའི་ཇུས་གཞིའི》ནང་ཕྱོགས་3ནས་རྒྱབ་སྐྱོར་བྱ་རྒྱུའི་སྲིད་ཇུས་བཏོན་པ་སྟེ། གཅིག་ནས་འགྲིམ་འགྲུལ་ཞབས་ཞུ་དང་། ཁྱིམ་ལས་ཞབས་ཞུ། དྲ་རྒྱའི་ལྟ་ཉན་ཞབས་ཞུ། ཡུལ་སྐོར་ཞག་སྡོད་ཞབས་ཞུ། རླངས་འཁོར་བཙོངས་རྗེས་ཀྱི་ཁྲོམ་རའི་ཞབས་ཞུ། རྒྱལ་འཛུལ་འཛད་སྤྱོད་སོགས་གཙོ་གནད་ཁྱབ་ཁོངས་ལ་དམིགས་ཏེ། ཞབས་ཞུ་མཁོ་སྤྲོད་བྱེད་སྟངས་ལེགས་སུ་གཏོང་རྒྱུ་དང་། སྔོན་ལ་ལག་བསྟར་དང་སྔོན་ལ་ཚོད་ལྟ་བྱེད་པར་སྐུལ་འདེད་གཏོང་རྒྱུ། འཛད་སྤྱོད་རྣམ་པ་གསར་གཏོད་བྱ་རྒྱུ། ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་སོགས་ནས་ཤུགས་བརྒྱབ་སྟེ་འཕེལ་རྒྱས་ཀྱི་གསོན་ཤུགས་འཕེལ་བར་བྱ་རྒྱུ་དང་། གཉིས་ནས་འཁྲབ་སྟོན་ཞབས་ཞུ་དང་། ལུས་རྩལ་འགྲན་བསྡུར་ཞབས་ཞུ། སེམས་ཁམས་ཉམས་ལེན་རྣམ་པའི་ཞབས་ཞུ་སོགས་མངོན་མེད་སྟོབས་ཤུགས་ལྡན་པའི་ཁྱབ་ཁོངས་ལ་དམིགས་ཏེ། ལྕག་སྐུལ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུ་དང་། བདེ་འཇགས་དོ་དམ་བྱེད་སྟངས་ལེགས་སུ་གཏོང་རྒྱུ། སྤུས་རྟགས་སྤུས་ལེགས་སྐྱེད་སྲིང་བྱ་རྒྱུ། ལས་སྟེགས་གཞི་རྟེན་འཛུགས་སྐྲུན་བྱ་རྒྱུ་སོགས་ནས་འགོ་བརྩམས་ཏེ་འཕེལ་རྒྱས་ཀྱི་སྒུལ་ནུས་སྐྱེད་སྲིང་བྱ་རྒྱུ། གསུམ་ནས་ཚད་གཞིའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། ཡིད་རྟོན་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། ནོར་སྲིད་དང་དངུལ་རྩའི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་སོགས་ལ་བརྟེན་ནས་ཞབས་ཞུའི་འཛད་སྤྱོད་ཀྱི་འཕར་གཞི་གསར་པ་སྐྱེད་སྲིང་བྱེད་པར་རྒྱབ་སྐྱོར་དང་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་བཅས་རེད།

    《ལས་ཀའི་ཇུས་གཞི》ཡི་ནང་ས་ཁུལ་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་ལ་སྲིད་ཇུས་ཇུས་འགོད་ལ་ཤུགས་སྣོན་རྒྱག་པ་དང་རྒྱབ་སྐྱོར་བྱ་ཐབས་གསར་གཏོད་བྱས་ཏེ། ཞབས་ཞུའི་འཛད་སྤྱོད་ཁོར་ཡུག་ལེགས་སུ་གཏོང་དགོས་པ་དང་། དགོས་མཁོ་ལྟར་ཞབས་ཞུའི་འཛད་སྤྱོད་ཁྱབ་ཁོངས་ཀྱི་རྒྱབ་སྐྱོར་སྲིད་ཇུས་ཞིབ་ཕྲ་བཟོས་ཏེ་འདོན་དགོས་པའི་བླང་བྱ་བཏོན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།