2026ལོའི་ལས་ཀའི་གཙོ་གནད་དང“ལོ་ལྔ་ཚན་བཅོ་ལྔ་པའི”རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་བླང་བྱ།
ད་ལོའི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྤྱིའི་བླང་བྱ་ནི། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་རིམ་བྱུང་དང་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་སྦྲགས། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་དང་རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་ཚོགས་འདུ་ཐེངས་རིམ་བྱུང་། དེ་བཞིན་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་བཀོད་སྒྲིག་བླང་བྱ་གཞིར་བཟུང་། གོང་འཕེལ་གྱི་འདུ་ཤེས་གསར་པ་ཆ་ཚང་ཞིང་འཕྱུགས་པ་མེད་པའི་སྒོ་ནས་ལག་བསྟར་བྱེད་པ་དང་། གོང་འཕེལ་གྱི་རྣམ་པ་གསར་པར་ཞབས་ཞུ་དང་མཉམ་འདྲེས་བྱེད་པ། སྤུས་ཚད་མཐོ་བའི་གོང་འཕེལ་ལ་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་ཀྱིས“མངོན་པ་གསུམ་དང་ཕན་འདོགས་པ་གཅིག”གི་སྤྱིའི་བླང་བྱ་མཐའ་འཁྱོངས་བྱེད་པ་དང་། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་ཀྱིས་གོང་འཕེལ་དང་བདེ་འཇགས་གཅིག་གྱུར་འཆར་འགོད་དེ་བས་ཡག་པོ་བྱ་རྒྱུ། “དོན་ཆེན་བཞི”རྒྱུན་མཐུད་དམ་འཛིན་གཏིང་ཟབ་བྱེད་པར་དམ་པོར་དམིགས་ཏེ་ནང་མཁོ་རྒྱ་སྐྱེད་དང་འདོན་སྤྲོད་ལེགས་སྒྱུར་བྱ་རྒྱུ། འཕར་ཚད་ཇེ་ལེགས་དང་གསོག་ཐེབས་ཕན་སྒྱུར་བྱས་ཏེ་ཁྱད་ལྡན་ལེགས་ཆ་ཆེ་བའི་ཐོན་ལས་གོང་འཕེལ་གཏོང་རྒྱུ་དང་ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་གོང་འཕེལ་གཏོང་རྒྱུ་དང་། ལས་ཞུགས་དང་། ཁེ་ལས། ཁྲོམ་ར། སྔོན་དཔག་བཅས་བརྟན་དུ་གཏོང་རྒྱུར་ཤུགས་རྒྱག་རྒྱུ། དཔལ་འབྱོར་སྤུས་ཚད་མཐོར་གཏོང་ནུས་ལྡན་དང་གྲངས་ཚད་འཕར་སྣོན་ལུགས་མཐུན་ཡོང་བར་སྐུལ་འདེད་གཏོང་རྒྱུ། མི་དམངས་ཀྱི་འཚོ་བའི་ཆུ་ཚད་མཐོ་རུ་གཏོང་རྒྱུ། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་རྒྱུན་འཁྱོངས་ཡོང་བ་བྱ་རྒྱུ་བཅས་ལ་བརྟེན་ནས“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཡག་པོ་འཛུགས་ཐུབ་པ་བྱ་རྒྱུ་དེ་ཡིན།
ད་ལོའི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་སྔོན་དཔག་དམིགས་ཚད་གཙོ་བོ་ནི། ས་གནས་ཐོན་སྐྱེད་ཀྱི་སྤྱིའི་རིན་ཐང་7%ཡན་འཕར་བ་བྱ་རྒྱུ་དང་། གཏན་འཇགས་རྒྱུ་ནོར་མ་དངུལ་འཇོག་གྲངས་15%ཡས་མས་འཕར་བ་བྱ་རྒྱུ། སྤྱི་ཚོགས་ཀྱི་འཛད་སྤྱོད་དངོས་ཟོག་སིལ་འཚོང་བྱེད་འབོར་7%ཡས་མས་འཕར་བ་བྱ་རྒྱུ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་ལག་ཐོག་ཡོང་འབབ་7%དང་8%ཡས་མས་འཕར་བ་བྱ་རྒྱུ། གྲོང་རྡལ་གྱི་བརྟག་དཔྱད་བྱེད་ཁོངས་ཀྱི་ལས་ཤོར་བསྡུར་ཚད་5%ནང་ཚུན་དུ་ཚོད་འཛིན་བྱ་རྒྱུ། གྲོང་མིའི་འཛད་སྤྱོད་རིན་གོང་ལུགས་མཐུན་འཕར་སྣོན་ཡོང་བ་བྱ་རྒྱུ་བཅས་ཡིན།
གོང་གི་དམིགས་ཚད་ལ་གཞིགས་ཏེ་ལས་དོན་ཁག་བརྒྱད་ལ་གཙོ་གནད་ཐོག་དམ་འཛིན་ཡག་པོ་བྱ་རྒྱུ་སྟེ།
(གཅིག) ཡུན་རིང་བདེ་འཁོད་ཡོང་རྒྱུར་གཞི་ཚུགས་ཏེ་ཆུ་ཚད་དེ་བས་མཐོ་བའི་དུས་བདེའི་བོད་ལྗོངས་བསྐྲུན་རྒྱུ།
སྤྱི་ཚོགས་ཁྱོན་ཡོངས་ནས་བརྟན་ལྷིང་ཡོང་བར་སྲུང་སྐྱོང་མཐའ་གཅིག་ཏུ་བྱ་རྒྱུ། ཁ་ཕྲལ་ལ་ངོ་རྒོལ་དང་བརྟན་ལྷིང་སྲུང་སྐྱོང་གི་ལས་ཀའི་ལམ་སྲོལ་འཐུས་ཚང་དུ་བཏང་ནས་ཁྲིམས་འགལ་གྱི་ཉེས་གསོག་སྣ་ཚོགས་ལ་རྡུང་རྡེག་ནན་པོ་གཏོང་རྒྱུ་དང་། རྫོང་རིམ་པའི་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་དངོས་གཞི་འཁོར་བསྐྱོད་བྱས་ནས་འགལ་བ་དང་རྩོད་གཞིར་ཞིབ་བཤེར་དག་སེལ་དང་ཡིག་འབུལ་ཞུ་བཅར་ལས་དོན་ཁྲིམས་སྐྱོང་ཅན་དུ་འགྱུར་བའི་ཆུ་ཚད་མཐོ་རུ་གཏོང་རྒྱུ། མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་སྲ་བརྟན་གོང་འཕེལ་གཏོང་རྒྱུ། མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་ཀྱི“འཆར་གཞི་ཁག་གསུམ”ལག་བསྟར་ཤུགས་ཆེན་བྱས་ནས“ས་མཐོའི་སེ་འབྲུ་དམར་པོའི”གྲགས་རྟགས་ཡག་པོ་གཏོད་རྒྱུ། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་ཤུགས་ཆེན་གཏོང་རྒྱུ། “འདུ་ཤེས་གསུམ”གྱི་སློབ་གསོའི་གྲུབ་འབྲས་རྒྱ་སྐྱེད་གཏིང་ཟབ་གཏོང་རྒྱུ། “ཁྲིམས་སྲོལ་སློབ་སྦྱོང་དང་། འདུལ་ཁྲིམས་གཙང་སྲུང་། ཡོན་ཚད་ལ་བརྩི་མཐོང་། ཚུལ་མཐུན་རྣམ་པ་གཏོད་པ”བཅས་ཀྱི་སློབ་གསོའི་བྱེད་སྒོ་གཏིང་ཟབ་སྤེལ་རྒྱུ།
(གཉིས) ནང་མཁོ་རྒྱ་སྐྱེད་གཏོང་རྒྱུར་གཞི་ཚུགས་ཏེ་དཔལ་འབྱོར་གོང་འཕེལ་གྱི་སྤུས་ཚད་མཐོར་གཏོང་དང་ཕན་འབྲས་ཆེར་གཏོང་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་རྒྱུ།
སྲིད་ཇུས་ཀྱི་ཕན་ནུས་འདོན་སྤེལ་གང་ལེགས་བྱ་རྒྱུ། དགེ་མཚན་ལྡན་པའི་ནོར་སྲིད་སྲིད་ཇུས་དང་འོས་འཚམ་ལྷུག་གློད་ཀྱི་དངུལ་ལོར་སྲིད་ཇུས་སྔར་བས་གང་ལེགས་སྤྱོད་ཐུབ་པ་དང་། སྤྱོད་གོ་འཕེར་ཐུབ་པ། ཆ་ཚང་སྤྱོད་ཐུབ་པ་བཅས་བྱ་རྒྱུ། “གཙོ་གལ་གཉིས”དང་“གསར་པ་གཉིས”ཀྱི་སྲིད་ཇུས་འབྲེལ་མཐུད་དང་མངོན་འགྱུར་ཡོང་རྒྱུར་དམ་འཛིན་ཡག་པོ་བྱ་རྒྱུ། དུས་ཡུན་ཆེས་རིང་བའི་དམིགས་བསལ་རྒྱལ་བུན་དང་ཆེད་དམིགས་བུ་ལོན་སོགས་རྣམ་གྲངས་ཞུ་འབུལ་བྱེད་པར་ཤུགས་སྣོན་རྒྱག་རྒྱུ། ནོར་སྲིད་ཀྱི་གཏོང་སྒོའི་ཤུགས་ཚད་ཀྱི་རྒྱུན་བསྐྱངས་ནས་ནོར་སྲིད་ཀྱི་གཏོང་སྒོའི་གྲུབ་ཆ་ལེགས་སྒྱུར་བྱ་རྒྱུ། ཁྲལ་བསྡུའི་གཟིགས་སྐྱོང་སྲིད་ཇུས་དང་ནོར་སྲིད་ཁ་གསབ་སྲིད་ཇུས་ཚད་ལྡན་བཟོས་ནས་ཁེ་ལས་ཀྱི་ཐོབ་ཁྲལ་སྲིད་ཇུས་མུ་མཐུད་ལག་བསྟར་བྱ་རྒྱུ། ཀྲུང་དབྱང་གིས་བོད་ལ་གནང་བའི་དམིགས་བསལ་གཟིགས་སྐྱོང་གི་དངུལ་རྩའི་སྲིད་ཇུས་དོན་འཁྱོལ་བྱས་ནས་སྲིད་ཇུས་རང་བཞིན་གྱི་དངུལ་རྩའི་ལག་ཆ་གསར་པ་གང་ལེགས་སྤྱོད་པ་དང་ཡིད་རྟོན་དངུལ་བུན་གཏོང་ཤུགས་སྔར་བས་ཆེ་རུ་གཏོང་རྒྱུ། ནུས་ལྡན་གྱི་མ་འཇོག་བྱེད་རྒྱ་ཆེ་རུ་ཧུར་ཐག་གཏོང་རྒྱུ། ཞིང་ཆེན་རིམ་པའི་འགོ་ཁྲིད་ཀྱིས་གལ་ཆེའི་རྣམ་གྲངས་འགན་གཙང་ལེན་པའི་ལམ་སྲོལ་ལེགས་སུ་བཏང་ནས་མ་འཇོག་སྒོར་དུང་ཕྱུར་2440ཡན་ཟིན་ཐུབ་པའི་བརྩོན་ལེན་བྱ་རྒྱུ་དང་། ཡར་སྨད་ཆུ་གློག་དང་ཁྲོན་བོད་ལྕགས་ལམ་སོགས་གཙོ་གནད་ལས་གྲྭ་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་འགན་སྲུང་བྱ་རྒྱུ། G109དང་། G219 G318 G695བཅས་ཀྱི་རྒྱལ་ལམ་སྤུས་ཚད་མཐོར་གཏོང་གི་བསྒྱུར་བཀོད་དང་G214ལྕགས་ཁ་ནས་སྤོམ་མདའི་གནམ་ཐང་དུམ་བུའི་འཛུགས་སྐྲུན་རིམ་ལྡན་བྱ་རྒྱུ། གདོང་དཀར་ཆུ་མཛོད་སྐྲུན་འགོ་འཛུགས་རྒྱུ་བཅས་ཡིན། འཛད་སྤྱོད་ཀྱི་གཏིང་ཤུགས་རྒྱུན་མཐུད་འཕེར་བ་བྱ་རྒྱུ། འཛད་སྤྱོད་ཆེར་སྤེལ་གྱི་ཆེད་དོན་བྱེད་སྒོ་ལག་བསྟར་གཏིང་ཟབ་བྱས་ནས་ཁྱིམ་སྤྱོད་གློག་ཆས་དང་། རླངས་འཁོར། སྡོད་ཁང་སོགས་འཛད་སྤྱོད་ཆེ་གྲས་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། བཟའ་བཏུང་ཞག་སྡོད་དང་ཁྱིམ་ལས་ཞབས་ཞུ་སོགས་ཞབས་ཞུའི་འཛད་སྤྱོད་བྱེད་རྒྱ་ཆེ་རུ་གཏོང་རྒྱུ། གོང་འཕེལ་གྱི་ཁོར་ཡུག་རྒྱུན་ཆད་མེད་པར་ལེགས་སུ་གཏོང་རྒྱུ། ཁྲིམས་སྐྱོང་དཔལ་འབྱོར་དང་ཡིད་རྟོན་དཔལ་འབྱོར་གྱི་འཛུགས་སྐྱོང་ཇེ་མགྱོགས་སུ་གཏོང་རྒྱུ་དང་ཁྲོམ་ར་ཅན་དང་ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་བསྐྲུན་ཏེ། “འཁྲུག་པོར་འགྱུར་བ་དང་དོ་དམ་ཡག་པོ་ཐུབ་པའི”དཔལ་འབྱོར་གྱི་སྒྲིག་ལམ་ཆགས་པ་བྱ་རྒྱུ། ཉེ་འཁོར་ཞིང་ཆེན་དང་རང་སྐྱོང་ལྗོངས་དང་། བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར། ཀྲུང་དབྱང་ཁེ་ལས་བཅས་དང་སྤེལ་རེས་མཉམ་ལས་གཏིང་ཟབ་བྱས་ནས། “གཉིས་འགུགས་གཉིས་འདྲེན”བྱེད་ཤུགས་ཆེ་རུ་བཏང་ནས་ཚོང་དང་མ་རྩ་འདྲེན་འགུགས་ཀྱི་རྣམ་གྲངས་ཀྱིས་གཏན་འཇགས་རྒྱུ་ནོར་ལ་མ་འཇོག་སྒོར་དུང་ཕྱུར་220གཏོང་ཐུབ་པའི་འགན་ལེན་བྱ་རྒྱུ་བཅས་ཡིན།
(གསུམ) ཐོན་ལས་བཟང་སྤེལ་ཞན་གསབ་བྱ་རྒྱུར་གཞི་ཚུགས་ཏེ་ཡུལ་བབ་དང་བསྟུན་ནས་ས་མཐོའི་ཁྱད་ལྡན་ལེགས་ཆ་ཆེ་བའི་ཐོན་ལས་གོང་འཕེལ་གཏོང་རྒྱུ།
ཁྱད་ལྡན་ཞིང་འབྲོག་ལས་གོང་འཕེལ་བརྟན་པོ་གཏོང་རྒྱུ། རྨོ་ཞིང་གི་དམར་ཐིག་ནན་སྲུང་བྱས་ཏེ་ནས་འདེབས་འཛུགས་ཁྱོན་མུའུ་ཁྲི་230ཡན་བརྟན་པོ་ཡོང་བ་བྱ་རྒྱུ། འབྲུ་རིགས་ཀྱི་ཐོན་ནུས་ཀྱི་བྱེད་སྒོ་སྤེལ་ཤུགས་ཆེ་རུ་བཏང་ནས་ཚད་གཞི་མཐོ་བའི་ཞིང་ཁ་མུའུ་ཁྲི་20གསར་སྐྲུན་དང་བསྒྱུར་བཀོད་རིམ་སྤོར་བྱེད་པ་དང་ཁྱད་ལྡན་ཞིང་ལས་ཐོན་རྫས་ཐོན་སྐྱེད་རྟེན་གཞི་ཁག་གཅིག་བསྐྲུན་ཐོག འབྲུ་རིགས་དང་། ཤ་སྒོང་འོ་གསུམ། སྔོ་ཚལ་བཅས་ཀྱི་ཐོན་ཚད་ཀྲོན་ཁྲི་བརྒྱ་ཡན་བརྟན་པོ་ཐོན་ཐུབ་པ་བྱ་རྒྱུ། དེང་རབས་ཞིང་ལས་ཐོན་ལས་གླིང་1དང་། ཁྱད་ལྡན་ལེགས་ཆ་ཆེ་བའི་ཐོན་ལས་ཚོ་འདུས་1 ཞིང་ལས་ཐོན་ལས་གྲོང་རྡལ་སྟོབས་ཆེན་4བཅས་འཛུགས་སྐྲུན་བྱ་རྒྱུ། ནུས་རྒྱུ་གཙང་མའི་ཐོན་ལས་གོང་འཕེལ་ཤུགས་ཆེན་གཏོང་རྒྱུ། ཕྱོགས་ཡོངས་ནས་འབྲི་ཆུའི་སྟོད་རྒྱུད་དང་། བོད་ཤར་ལྷོའི་རྒྱུད། རྫ་ཆུའི་སྟོད་རྒྱུད་བཅས་ཀྱི་ཆུ་རླུང་འོད་གསུམ་གཞི་གཅིག་ཅན་གྱི་གློག་འདོན་རྟེན་གཞི་བཙུགས་ཏེ། ནུས་རྒྱུ་གཙང་མའི་ཐོན་ལས་སྤུས་ཚད་མཐོ་བའི་གོང་འཕེལ་གྱི་འཆར་འགོད་བཟོ་བ་དང་། གློག་ཤུགས་ཕྱིར་གཏོང་བགྲོད་ལམ་དང་གློག་དྲའི་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་གང་མགྱོགས་བྱས་ནས། གློག་འདོན་སྟོང་ཝ་ཁྲི་2000གི་འཕྲུལ་འཁོར་འཛུགས་རྒྱུ། ཐོན་ཁུངས་ཀྱི་ལས་སྣོན་ལས་རིགས་རྒྱུན་མཐུད་གོང་འཕེལ་གཏོང་རྒྱུ། བོད་སྨན་སྨན་རྒྱུའི་ལས་སྣོན་གཞན་སྒྱུར་བྱེད་ཚད་མཐོ་རུ་བཏང་ནས། དཔྱད་བཅོས་དང་། བདེ་སྲུང་། ལུས་གསོ་བཅས་ཀྱི་ཐོན་རྫས་གསར་པ་གསར་སྤེལ་དང་ཁྱབ་གདལ་གཏོང་རྒྱུ། སྤོས་དང་བོད་རུམ་སོགས་མི་རིགས་ཀྱི་ཁྱད་ལྡན་ལག་ཤེས་བཟོ་ལས་གོང་འཕེལ་ཤུགས་ཆེན་གཏོང་རྒྱུ། རིག་གནས་ཡུལ་སྐོར་ལས་རིགས་མཉམ་འདྲེས་གོང་འཕེལ་གཏོང་རྒྱུ། ནོར་སྲིད་ཀྱིས་རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་གོང་འཕེལ་ལ་རྒྱབ་སྐྱོར་བྱེད་པའི་བྱེད་ཐབས་བཅུ་གཉིས་དོན་འཁྱོལ་བྱ་རྒྱུ། ཡུལ་སྐོར་གྱི་འཛད་སྤྱོད་བྱེད་རྒྱ་མུ་མཐུད་ཆེ་རུ་གཏོང་རྒྱུ། རྫོང་རིམ་པའི་སྦྲག་སྐྱེལ་ཟོག་འགྲེམས་ལྟེ་གནས་60དང་གྲོང་ཚོ་རིམ་པའི་ཞབས་ཞུའི་ས་ཚིགས་4000རིམ་སྤོར་བསྒྱུར་བཀོད་བྱས་ནས། “བོད་ལ་བསྐུར་གླ་སྤྲོད་མི་དགོས་པའི”ཟོག་འགྲུལ་ཁྱབ་རྒྱ་མུ་མཐུད་ཆེ་རུ་གཏོང་རྒྱུ་བཅས་ཡིན།
(བཞི) ཁུལ་ཁོངས་མཐུན་སྦྱོར་བྱ་རྒྱུར་གཞི་ཚུགས་ཏེ་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པ་དང་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་གཏོང་བར་གཅིག་གྱུར་འཆར་འགོད་ཡག་པོ་བྱ་རྒྱུ།
གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པ་འཛུགས་པར་རྒྱུན་མཐུད་སྐུལ་འདེད་གཏོང་རྒྱུ། རྫོང་དང་གྲོང་རྡལ་གཞི་རྟེན་གལ་ཆེན་དུ་བྱས་པའི་གྲོང་ཁྱེར་དང་གྲོང་རྡལ་ཅན་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས་ཏེ། གྲོང་ཁྱེར་དང་གྲོང་རྡལ་ཅན་གྱི་རྒྱུན་སྡོད་མི་འབོར་41%ལ་སླེབས་པར་བྱ་རྒྱུ། སྤུས་ཚད་མཐོ་བའི་སྒོ་ནས་གྲོང་ཁྱེར་གསར་སྒྱུར་གྱི་བྱ་སྤྱོད་སྤེལ་ནས་གྲོང་ཁྱེར་དོ་དམ་གྱི་རྨང་གཞིའི་སྒྲིག་བཀོད་རྣམ་གྲངས་162ལག་བསྟར་བྱས་ནས་ལོ་རྒྱུས་རིག་གནས་ཀྱི་གྲགས་ཅན་གྲོང་ཁྱེར་དང་གྲོང་རྡལ་4སྲུང་སྐྱོབ་དང་རིམ་སྤོར་བྱ་རྒྱུ། འགན་སྲུང་རང་བཞིན་གྱི་བདེ་སྡོད་ལས་གཞི་ཁྲི་1.27འཛུགས་སྐྲུན་བྱས་ནས་གསོག་ཉར་ཚོང་སྒྱུར་ཁང་པ་ཉོ་སྒྲུབ་ཀྱིས་འགན་སྲུང་རང་བཞིན་གྱི་སྡོད་ཁང་དུ་སྤྱོད་རྒྱུར་རྒྱབ་སྐྱོར་བྱ་རྒྱུ། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་འགྲོ་བར་སྐུལ་འདེད་ཏན་ཏིག་གཏོང་རྒྱུ། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་དུ་འགྱུར་རྒྱུ་གཞི་རྩར་བཟུང་ནས། “ཁྲི་སྟོང་ལས་གཞི”ཡི་ཉམས་མྱོང་སློབ་སྦྱོང་དང་བེད་སྤྱོད་བྱས་ཐོག ས་མཐོའི་མཛེས་མཐུན་གཉིས་ལྡན་གྱི་གྲོང་གསེབ་200བསྐྲུན་རྒྱུ་དང་གྲོང་གསེབ་ཀྱི་དུད་ཚང་8006གི་ཉེན་ཡོད་སྡོད་ཁང་བསྒྱུར་བཀོད་དང་ཡོམ་འགོག་བརྟན་སྐྱོར་བྱ་རྒྱུ། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་གོང་འཕེལ་ལ་གཅིག་འགྱུར་འཆར་འགོད་ཡག་པོ་བྱ་རྒྱུ།
(ལྔ) ལེགས་ཆ་ཆེ་བའི་གསབ་སྣོན་དང་ནུས་པ་གསོག་འཇོག་བྱ་རྒྱུར་གཞི་ཚུགས་ཏེ་བསྒྱུར་བཅོས་གསར་གཏོད་གཏིང་ཟབ་ཀྱིས་སྒོ་དབྱེ་ཕྱོགས་ཡོངས་ནས་རྒྱ་ཆེར་གཏོད་རྒྱུ།
བསྒྱུར་བཅོས་འགག་སྒྲོལ་ལ་སྐུལ་འདེད་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་རྒྱུ། རེས་སྐོར་གསར་པའི་གཞུང་ཁོངས་ཁེ་ལས་བསྒྱུར་བཅོས་ཀྱི་བྱ་སྤྱོད་ལ་འཆར་འགོད་ལག་བསྟར་བྱ་རྒྱུ། སྲིད་གཞུང་དང་ཁེ་ལས་དབར་གྱི་རྒྱུན་ལྡན་མཐུན་སྦྱོར་འབྲེལ་མཐུད་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུ། སྨན་བཅོས་དང་། སྨན་བཅོས་འགན་བཅོལ། སྨན་རྫས་བཅས་མཐུན་སྦྱོར་གོང་འཕེལ་དང་བཅོས་སྒྲིག་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུ། ཉིང་ཁྲིའི་བསྒྱུར་བཅོས་སྒོ་དབྱེ་སྔོན་ལ་ལག་བསྟར་དང་ཚོད་ལྟ་བྱ་རྒྱུ་རྒྱུན་མཐུད་གཏིང་ཟབ་ཏུ་གཏོང་རྒྱུ་བཅས་ཡིན། ཕྱི་ཕྱོགས་ལ་སྒོ་དབྱེ་རྒྱ་ཆེར་བྱེད་པའི་ཆུ་ཚད་སྔར་བས་མཐོ་རུ་གཏོང་རྒྱུ། ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་སྒོ་དབྱེའི་བགྲོད་ལམ་གལ་ཆེན་གཏོད་རྒྱུར་ཤུགས་བརྒྱབ་ནས། སྐམ་ཐོག་གྲུ་ཁ་དང་མཐའ་མཚམས་འགག་སྒོའི་རྒྱལ་ཁབ་ཀྱི་དངོས་ཟོག་འགྲེམས་སྐྱེལ་ལྟེ་གནས་དང་། ཁོངས་བརྒལ་དྲ་ཚོང་ཕྱོགས་བསྡུས་ཚོད་ལྟ་ཁུལ། མཐའ་མཚམས་དཔལ་འབྱོར་མཉམ་ལས་ཁུལ་བཅས་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་རྒྱུ། འགྲམ་གྲོང་རྡལ་གྱི་སླར་གསོ་བསྐྱར་སྐྲུན་ཇེ་མགྱོགས་སུ་གཏོང་རྒྱུ། ཀྲུང་གོའི་བོད་ལྗོངས“ཧི་མ་ལ་ཡ་བསྐོར་བའི”རྒྱལ་སྤྱིའི་མཉམ་ལས་གླེང་སྟེགས་དང་“ཧི་མ་ལ་ཡ་བརྒལ་བའི”རྒྱལ་སྤྱིའི་གཞུང་ལམ་རྐང་འཁོར་མཐར་ཟད་འགྲན་བསྡུར་ལེགས་པོ་གཉེར་རྒྱུ།
(དྲུག) མི་སེམས་གཅིག་སྒྲིལ་བྱ་རྒྱུར་གཞི་ཚུགས་ཏེ་མི་རིགས་ཁག་གི་མང་ཚོགས་ཀྱི་བདེ་རྩ་ཏན་ཏིག་ངང་ཆེ་རུ་གཏོང་རྒྱུ།
ལས་ཞུགས་འབབ་འཕར་ལ་སྐུལ་འདེད་ཤུགས་ཆེན་གཏོང་རྒྱུ། གཙོ་གནད་ཁྱུ་ཚོགས་ཀྱི་ལས་ཞུགས་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་ལེགས་སུ་བཏང་ནས། ལས་ཞུགས་ཐུབ་མེད་པ་དང་ལས་ཞུགས་བརྟན་པོ་མ་བྱུང་བའི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ནུས་པ་ཆེ་རུ་གཏོང་བའི་བྱ་སྤྱོད་སྤེལ་ཏེ། ལོ་འདི་གའི་མཐོ་སློབ་སློབ་ཐོན་སློབ་མ་ལས་ཞུགས་ཐུབ་ཚད་95%ཡན་དང་ཁྲོམ་རར་ལས་ཞུགས་ཐུབ་ཚད་70%ཡན་ཟིན་པ་བྱ་རྒྱུ། གྲོང་ཁྱེར་དང་གྲོང་རྡལ་དུ་ལས་ཞུགས་བྱེད་མི་ཁྲི་5འཕར་བ་བྱ་རྒྱུ་བཅས་དང་། ཐོན་ལས་བཟོ་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་མི་ཐེངས་ཁྲི་4ལ་ལས་རིགས་རྩལ་ནུས་གསོ་སྦྱོང་བྱ་རྒྱུ་དང་རྩལ་ནུས་ཤེས་ལྡན་པ་ཁྲི་2མང་དུ་གཏོང་རྒྱུ། ཞིང་འབྲོག་པ་མི་ཁྲི་64ཡན་གནས་སྒྱུར་ལས་ཞུགས་ཐུབ་པ་བྱ་རྒྱུ་དང་ངལ་ནུས་ཡོང་འབབ་སྒོར་དུང་ཕྱུར་70ཡན་ཟིན་པ་བྱ་རྒྱུ།
སྤྱི་པའི་ཞབས་ཞུ་ལེགས་སུ་གཏོང་བར་ཤུགས་རྒྱག་རྒྱུ། ཞིང་འབྲོག་ཁུལ་གྱི་རིན་མེད་སློབ་སྔོན་སློབ་གསོའི་སློབ་མ་མི་རེའི་ཚད་གཞི་སྒོར་380ནས་1000བར་མཐོ་རུ་བཏང་སྟེ། ཆ་རྐྱེན་འཛོམས་པའི་བུ་བཅོལ་ཁང་གིས་ལོ་2ནས་3བར་གྱི་བྱིས་པ་བསྡུ་བར་རྒྱབ་སྐྱོར་བྱ་རྒྱུ། འོས་འགན་སློབ་གསོ་སྤུས་ལེགས་དོ་མཉམ་དང་གྲོང་ཁྱེར་གྲོང་གསེབ་གཞི་གཅིག་ཅན་གོང་འཕེལ་འགྲོ་མགྱོགས་སུ་བཏང་ནས། སློབ་གྲྭ་འབྲིང་ཆུང་51གི་སློབ་ཁྲིད་ལ་སྤྱོད་པའི་ཁང་པ་དང་ཞོར་གཏོགས་སྒྲིག་བཀོད་གསར་སྐྲུན་དང་རྒྱས་སྐྲུན་བྱ་རྒྱུ་དང་། མཐོ་རིམ་སློབ་གསོའི་སྤུས་ཚད་མཐོར་གཏོང་དང་རིམ་སྤོར་གང་མགྱོགས་བྱས་ནས་མཐོ་རིམ་སློབ་གྲྭའི་སྤུས་ལེགས་དངོས་གཞིའི་སློབ་གསོའི་སློབ་མ་བསྡུ་ཚད་རྒྱ་སྐྱེད་པར་སྐུལ་འདེད་གཏོང་རྒྱུ། ལས་རིགས་སློབ་གྲྭའི་སློབ་གཉེར་གྱི་ནུས་པ་མཐོ་རུ་བཏང་ནས་བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་གི་སློབ་ཁུལ་གསར་པ་འཛུགས་སྐྲུན་བྱ་རྒྱུ། ལྗོངས་ཡོངས་ཀྱི་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བཞི་པ་དང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་དྲུག་པ་ཡག་པོ་གཉེར་རྒྱུ། མང་ཚོགས་ཉེ་འགྲམ་གྱི་སྤྱི་པའི་ལུས་རྩལ་སྒྲིག་བཀོད་འཐུས་ཚང་དུ་གཏོང་རྒྱུ། དམངས་འཚོའི་མཐའ་ཚད་བརྟན་པོ་སྲུང་བར་ཤུགས་རྒྱག་རྒྱུ། དམངས་འཚོ་གཙོ་བོར་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་མ་དངུལ་སྒོར་དུང་ཕྱུར་136བཀོད་སྒྲིག་བྱས་ཏེ་དམངས་འཚོའི་བྱ་བ་དངོས་34ལེགས་སྒྲུབ་བྱ་རྒྱུ།
(བདུན) འབྱུང་འཕྲོད་གོང་འཕེལ་གཏོང་རྒྱུར་གཞི་ཚུགས་ཏེ་ནུས་ཤུགས་ཡོད་རྒུས་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་གཏོད་རྒྱུ།
སྦགས་བཙོག་འགོག་བཅོས་འགག་སྒྲོལ་བྱེད་པར་སྐུལ་འདེད་གཏིང་ཟབ་གཏོང་རྒྱུ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་སའི་དམིགས་ཚད་མ་ལག་འཐུས་ཚང་དུ་བཏང་ནས་ཡུལ་བབ་དང་བསྟུན་ཏེ“མཛེས་སྡུག་ལྡན་པའི་ཕྲ་ཕུང”ལས་གཞི་ལག་བསྟར་བྱ་རྒྱུ་དང“སྙིགས་མེད་གྲོང་ཁྱེར”འཛུགས་སྐྲུན་གཏིང་ཟབ་བྱ་རྒྱུ། སྐྱེ་ཁམས་ཉམས་གསོ་དང་བཅོས་སྐྱོང་ལ་ཁྱོན་ཡོངས་ནས་ཤུགས་སྣོན་རྒྱག་རྒྱུ། གཙང་པོ་དང་མཚེའུ་ཡི་འགོ་དཔོན་ལམ་ལུགས་དང་ནགས་ཚལ་གྱི་འགོ་དཔོན་ལམ་ལུགས་དོན་འཁྱོལ་གཏིང་ཟབ་བྱས་ཏེ། ཡར་ཀླུང་གཙང་པོ་རྒྱུག་ཁུལ་སོགས་འགག་རྩའི་ས་ཁོངས་ཀྱི་སྐྱེ་ཁམས་སླར་གསོའི་ལས་གྲྭ་ལག་བསྟར་བྱས་ནས་ནགས་བཟོ་ནགས་སྐྱོང་མུའུ་ཁྲི་40ཡན་དང་དེའི་ནང་ལྷོ་བྱང་རི་བོའི་སྔོ་འགྱུར་ལས་གྲྭ་མུའུ་ཁྲི་20ལེགས་སྒྲུབ་བྱ་རྒྱུ་དང་། རྩྭ་ཐང་ཞན་འགྱུར་མུའུ་ཁྲི་220སླར་གསོ་བཅོས་སྐྱོང་བྱ་རྒྱུ། ས་ཆུ་ཤོར་བ་མུའུ་ཁྲི་25བཅོས་སྒྲིག་བྱ་རྒྱུ་བཅས་ཡིན། འབྱུང་འཕྲོད་ཐཱན་ཉུང་གི་གོང་འཕེལ་མྱུར་པོ་ཡོང་བ་བྱ་རྒྱུ། སྐྱེ་ཁམས་ཁོར་ཡུག་ཁུལ་ཁོངས་ཁག་བགོས་དོ་དམ་ཚོད་འཛིན་གྱི་ལོ་ལྔའི་འགྱུར་ལྡན་ཚོད་སྐོར་བྱ་རྒྱུ། “ཐཱན་མེད་གླིང་ཁུལ”གྱི་དོ་དམ་བྱེད་ཐབས་འཚོལ་ཞིབ་བྱ་རྒྱུ།
(བརྒྱད) མཐའ་མཚམས་འཛུགས་སྐྲུན་བྱ་རྒྱུར་གཞི་ཚུགས་ཏེ་མཐའ་བརྟན་མཐའ་དར་དམངས་ཕྱུག་བཅས་ཀྱི་བྱ་སྤྱོད་ལ་སྐུལ་སྤེལ་ཏན་ཏིག་གཏོང་རྒྱུ།
མཐའ་མཚམས་ཀྱི་རྨང་གཞིའི་སྒྲིག་བཀོད་ལ་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། མཐའ་མཚམས་ཀྱི་རིམ་པ་དམའ་བའི་གཞུང་ལམ་བསྒྱུར་བཀོད་རིམ་སྤོར་བྱ་རྒྱུ། མཐའ་མཚམས་ས་ཁུལ་གྱི་གློག་ཁུངས་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་རྒྱུ། “དྲ་ཆེན་མཐའ་མཚམས”འཛུགས་སྐྱོང་གཏིང་ཟབ་བྱ་རྒྱུ། མཐའ་མཚམས་གྲོང་མིའི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་རྒྱུ། མཐའ་མཚམས་ཀྱི་ས་བབ་མཐོ་ཞིང་གྲང་ངར་ཆེ་བའི་ས་ཁུལ་གྱི་དྲོད་རླངས་དང་གསོ་རླུང་མཁོ་འདོན་ལས་གྲྭ་ལག་བསྟར་བྱེད་མགྱོགས་སུ་གཏོང་རྒྱུ། མཐའ་མཚམས་གྲོང་ཚོའི་འགྲུལ་སྐྱེལ་དུས་གཏན་རླངས་འཁོར་བརྟན་པོའི་ངང་ཤར་གཏོང་ཐུབ་པ་བྱ་རྒྱུ་སོགས་རེད།
“ལོ་ལྔ་ཚན་བཅོ་ལྔ་པའི”རིང་ནི་བོད་ལྗོངས་འདི་ཉིད་རྒྱལ་ཡོངས་དང་མཉམ་དུ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་སྤྱིའི་ཆ་ནས་མངོན་འགྱུར་བྱེད་པའི་རྨང་གཞི་བརྟན་གཏོང་དང་ཕྱོགས་ཡོངས་ནས་ཤུགས་རྒྱག་པའི་འགག་རྩའི་དུས་སྐབས་ཤིག་ཡིན། “ལོ་ལྔ་ཚན་བཅོ་ལྔ་པའི”རིང་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་དམིགས་ཚད་མངོན་འགྱུར་བྱེད་པར་ངེས་པར་དུ་ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རང་སྐྱོང་ལྗོངས་ཏང་ཨུད་བཅས་ཀྱིས་གསལ་སྟོན་གནང་བའི་གལ་ཆེའི་རྩ་དོན་གྱི་བླང་བྱར་བརྩི་སྲུང་ནན་པོ་ཞུས་ནས་གཙོ་གནད་ཐོག་གཤམ་གསལ་ཕྱོགས་ལྔའི་ཐད་ལ་དམ་འཛིན་ཡག་པོ་བྱེད་དགོས་པ་སྟེ།
གཅིག་ནི། ཐོག་མཐའ་བར་གསུམ་དུ་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་དེ་རྩ་བའི་གཞི་འཛིན་སར་བརྩི་རྒྱུ་མཐའ་འཁྱོངས་བྱེད་དགོས་པ་དང་།
གཉིས་ནི། ཐོག་མཐའ་བར་གསུམ་དུ་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ་དེ་ལས་འགན་ཨང་དང་པོར་བརྩི་རྒྱུ་མཐའ་འཁྱོངས་བྱེད་དགོས་པ།
གསུམ་ནི། ཐོག་མཐའ་བར་གསུམ་དུ་ཡུལ་བབ་དང་བསྟུན་ནས་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་གོང་འཕེལ་གཏོང་རྒྱུ་དེ་བརྗོད་བྱ་གཙོ་བོར་བརྩི་རྒྱུ་མཐའ་འཁྱོངས་བྱེད་དགོས་པ།
བཞི་ནི། ཐོག་མཐའ་བར་གསུམ་དུ་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་བརྟན་དུ་གཏོང་རྒྱུ་དེ་མཐའ་ཚད་ཀྱི་བླང་བྱར་བརྩི་རྒྱུ་མཐའ་འཁྱོངས་བྱེད་དགོས་པ།
ལྔ་ནི། ཐོག་མཐའ་བར་གསུམ་དུ་མཐའ་མཚམས་ས་ཁུལ་དེང་རབས་ཅན་དུ་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་རྒྱུ་དེ་ལས་འགན་གལ་ཆེན་དུ་བརྩི་རྒྱུ་མཐའ་འཁྱོངས་བྱེད་དགོས་བཅས་སོ།
བྱང་སྐར་སྤུན་བདུན་གྱི་ལམ་སྟོན་ཇི་བཞིན་བསྐྱོད་ན་ལམ་ནོར་ཐེབས་མི་སྲིད་པ་དང་གུང་ཁྲན་ཏང་གི་རྗེས་སུ་འབྲངས་ན་བདེ་སྐྱིད་ཐོབ་ངེས་རེད། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ནས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག དམ་པ་དོན་གཉེར་དང་། འབད་འབུངས་མདུན་སྐྱོད་ཀྱིས“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཡག་པོ་འཛུགས་པ་དང་གོམ་པ་བརྟན་པོ་སྤོས་ནས། མཛེས་ཤིང་ལྟ་ན་སྡུག་པའི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་གངས་ལྗོངས་ཀྱི་ལེའུ་ཐུན་མོང་ཐོག་རྩོམ་དགོས།
(བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་བཞི་པའི་དྲུང་ཡིག་ཁྲུའུ་ནས་མཁོ་འདོན་བྱས་པ་གཞིར་བཟུང)
འབྲེལ་ཡོད་གསར་འགྱུར།