དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • “ཆུང་ལ་མཛེས་པའི”རྣམ་གྲངས་ལག་ལེན་བསྟར་ནས“སེམས་སྦྲེལ་ཟམ་པ”བསྐྲུན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-02-01

    ཕར་མེ་ལའི་སྐམ་སའི་རླུང་གློག་རྣམ་གྲངས་ཡིན་པ། (འགག་གསུམ་པར་ཙིར་ཀུང་སིས་མཁོ་འདོན་བྱས་པ)

    འགག་གསུམ་པར་ཙིར་ཀུང་སིས་རའི་འོ་མའི་ལས་གཏོད་རྣམ་གྲངས་ལག་ལེན་བསྟར་ནས་གྲོང་མིར་ཕྱུག་འགྱུར་གྱི་ཐབས་ལམ་འཚོལ་རོགས་བྱས་པ་དང་། ཀྲུང་གོ་འཛུགས་སྐྲུན་མ་ལེ་ཞི་ཡ་ཀུང་སིའི“རི་ཁུལ་དུ་འོད་སྣང་སྦྱིན་པའི”དང་བླངས་བྱེད་སྒོས་ཐག་རིང་ལུང་ཁུག་ལ་གློག་ཁྲིད་པ། ཀྲུང་གོ་མཚོ་ཁུག་ལས་གྲྭ་ཀུང་སིས་ཀག་ནའི་ཐེ་མ་དོས་སྒམ་གྲུ་ཁ་གསར་པར་རྒྱ་མཚོའི་རུས་སྦལ་གྱི་སྒོ་ང་སྙོལ་སའི་རྟེན་གཞི་བཙུགས་ནས་རྒྱ་མཚོའི་སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོང་བྱས་པ་སོགས། ཉེ་བའི་ལོ་ཤས་རིང་། ཀྲུང་གོའི་ཁེ་ལས་ཀྱིས་ཕྱི་རྒྱལ་དུ་ལས་སྒོ་སྤེལ་བ་དང་ཆབས་ཅིག ཆེད་ལས་ཅན་དང་སྣ་མང་ཅན་གྱི་དང་བླངས་ཞབས་ཞུའི་རྣམ་གྲངས་བརྒྱུད་སྤྱི་ཚོགས་ཀྱི་འགན་འཁྲི་སྒྲུབ་བཞིན་ཡོད།

    “ཆུང་ལ་མཛེས་པའི”རྣམ་གྲངས་དེ་དག་ལག་ལེན་བསྟར་བས་ཡུལ་དེ་གའི་གྲོང་མིའི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་བྱས་པ་མ་ཟད། ཤེས་བྱ་བརྒྱུད་སྤྲོད་དང་མི་ཆོས་རིག་གནས་ཀྱི་ཐུགས་འཁུར་ལ་བརྟེན་ནས་ཀྲུང་གོའི་གཟུགས་བརྙན་མངོན་པ་དང་། ཀྲུང་གོ་དང་བཅའ་སྡོད་བྱ་ཡུལ་རྒྱལ་ཁབ་ཀྱི་དམངས་ཚོགས་དབར“སེམས་སྦྲེལ་ཟམ་པ”བསྐྲུན་ཡོད།

    འགག་གསུམ་པར་ཙིར་ཀུང་སིའི་རའི་འོ་མའི་ལས་གཏོད་རྣམ་གྲངས།

    —— “ང་ཚོའི་འཚོ་བར་དེ་བས་གདེང་ཚོད་ཀྱིས་ཁེངས་པར་བྱས”

    གསར་འགོད་པ། ཁྲེང་དབྱི་མིང་།

    ཏི་ཡ་ན·པར་པོ་ས་ཡིས་རའི་འོ་མ་འཇོ་བཞིན་པ། (འགག་གསུམ་པར་ཙིར་ཀུང་སིས་མཁོ་འདོན་བྱས་པ)

    “རླུང་གློག་རྣམ་གྲངས་ཀྱིས་ནུས་རྒྱུ་གཙང་མ་ལོངས་སྤྱོད་བྱུང་བ་མ་ཟད། ལས་ཞུགས་ཀྱི་གོ་སྐབས་ཀྱང་རག་བྱུང་། རྣམ་གྲངས་དེ་རིགས་དེ་བས་མང་དུ་འགྲོ་བའི་རེ་བ་ཡོད”ཅེས་པར་ཙིར་གྱི་ཕར་མེ་ལ་གསར་པའི་ཨོ་ལི་ཨའོ་ཏ་ཀྭ་སྡེ་ཁུལ་གྱི་འགན་འཁུར་བ་ཁེ་ལའོ་ཏི་ནུའོ·ཁ་སི་ཐེ་ལུའོ་ཡིས་བཤད།

    པར་ཙིར་བྱང་ཤར་རྒྱུད་ཀྱི་ཕ་ལ་དབྱི་པ་མངའ་སྡེའི་ཕར་མེ་ལ་གསར་པའི་ཡངས་ཤིང་རྒྱ་ཆེ་བའི་ས་གཞི་རུ་རླུང་འཁོར་དལ་གྱིས་འཁོར་བཞིན་ཡོད། སྔོན་ཆད་ཉི་འོད་དྲག་པོས་ས་ཞིང་སྐམ་ཤས་ཆེ་ལ་ས་རྒྱུ་ཞན་པོར་གྱུར་ནས་སྲོལ་རྒྱུན་ཞིང་ལས་ཀྱི་བསྡུ་འབབ་ཆུང་དུ་ཕྱིན་པའི་དབང་གིས་ཁྱིམ་ཚང་མང་པོ་ཞིག་ལ་ལྟོ་གོས་ཀྱི་དཀའ་ངལ་འཕྲད་ཡོད། ཀྲུང་གོའི་འགག་གསུམ་ཚོགས་པའི་ཕྱི་རྒྱལ་གྱི་སྐམ་སའི་རླུང་གློག་རྣམ་གྲངས་ཆེ་ཤོས་སྟེ། འགག་གསུམ་པར་ཙིར་ཀུང་སིའི་ཕར་མེ་ལ་རླུང་གློག་རྣམ་གྲངས་དེ་2025ལོར་གློག་ཆ་ཚང་སྦྲེལ་ཐུབ་པ་དང་ཆབས་ཅིག འབྱུང་འཕྲོད་ནུས་རྒྱུས་སྣེ་ཁྲིད་བྱས་པའི་ཕྱུག་འགྱུར་གྱི་ལམ་བུ་ཞིག་ཀྱང་རིམ་བཞིན་སྣུར་སྲིང་བྱུང་ཡོད།

    མིག་སྔར་རའི་འོ་མའི་ལས་གཏོད་རྣམ་གྲངས་དེ་ཕར་མེ་ལ་གསར་པའི་སྡེ་ཁུལ་5ཡི་ཁྱིམ་ཚང་69ཡི་ཡུལ་མི་300ཙམ་ལ་ཁྱབ་ཡོད། “སླད་ཕྱིན་ཁྱིམ་ཚང་ཚང་མའི་ཉིན་རེའི་འོ་མ་ཐོན་ཚད་ཧྲེང་2ནས་2.5བར་སླར་ཡང་འཕར་རེ་ཡོད་པས། རྣམ་གྲངས་དེ་ཡང་པར་ཙིར་ས་གནས་སྲིད་གཞུང་གི་ཞིང་ལས་རྒྱབ་སྐྱོར་འཆར་གཞིའི་ནང་བཅུག་ནས་དེའི་རྒྱུན་མཐུད་ཆོག་པའི་རང་བཞིན་དང་ཡུན་རིང་གི་འགྲན་རྩོད་ནུས་པ་ཆེ་རུ་འགྲོ་རྒྱུ་རེད”ཅེས་མེ་ཨའོ་རྒྱུན་མཐུད་ཆོག་པའི་ཞིབ་འཇུག་སུའོ་ཡི་ལག་རྩལ་གཙོ་གཉེར་པ་ཁར་ཁུང·ཨའོ་ལི་ཝེ་ལ་ཡིས་བཤད།

    འོ་མའི་ལས་གཏོད་རྣམ་གྲངས་ཕུད། འགག་གསུམ་པར་ཙིར་ཀུང་སིས་ད་དུང་ཕར་མེ་ལ་གསར་པར་བཞོན་མ་གསོ་ཚགས་དང་། སྦྲང་རྩི་བསྡུ་བ། སྔོ་ཚལ་དང་ཤིང་ཏོག་འདེབས་འཛུགས་སོགས་ཡོང་འབབ་གཏོད་པའི་ལས་གཏོད་ཀྱི་ཚོད་ལྟའི་རྣམ་གྲངས་རབ་དང་རིམ་པ་ལག་བསྟར་བྱས་ཡོད།

    ཀྲུང་གོའི་མཚོ་ཁུག་ཀག་ན་རྒྱ་མཚོའི་རུས་སྦལ་གྱི་སྒོ་ང་སྙོལ་སའི་རྟེན་གཞི།

    —— “མཚོ་ངོགས་ཀྱི་ཚེ་སྲོག་སྲུང་བ”

    གསར་འགོད་པ། ཀྲེང་ཤང་།

    རྒྱ་མཚོའི་རུས་སྦལ་གྱི་སྒོ་ང་སྙོལ་སའི་རྟེན་གཞིའི་རིགས་གཅིག་མཁས་ཅན་གྱིས་ཀག་ནའི་ཐེ་མ་དོས་སྒམ་གྲུ་ཁ་གསར་པའི་ཉེ་འཁོར་དུ་ཡོད་པའི་མཚོ་འགྲམ་དུ་རྒྱ་མཚོའི་རུས་སྦལ་གློད་བཞིན་པ།

    2019ལོར། ཀག་ནའི་ཐེ་མ་དོས་སྒམ་གྲུ་ཁ་གསར་པའི་རྣམ་གྲངས་འཛུགས་སྐྲུན་བྱེད་འགོ་ཚུགས་རྗེས། ཀྲུང་གོའི་མཚོ་ཁུག་ལས་གྲྭ་ཚད་ཡོད་འགན་འཁྲི་ཀུང་སིས་ཆེད་མངགས་རྒྱ་མཚོའི་རུས་སྦལ་གྱི་སྒོ་ང་སྙོལ་སའི་རྟེན་གཞི་བཙུགས་པ་རེད། རང་བྱུང་སྒོ་ང་སྙོལ་སའི་ཆ་རྐྱེན་དང་ཆ་འདྲ་བར་བསྐྲུན་པའི་རྒྱ་མཚོའི་རུས་སྦལ་གྱི་སྒོ་ང་སྙོལ་སའི་རྟེན་གཞི་འདིས་མང་ཤོས་ལ་རྒྱ་མཚོའི་རུས་སྦལ་གྱི་སྒོ་ང་ཁྲི་1དུས་གཅིག་ཏུ་བསྙལ་ཐུབ་ཀྱི་ཡོད། རྟེན་གཞིར་རྒྱ་མཚོའི་བྱེ་མ་འོས་འཚམ་བཏིང་ཡོད་པ་དང་། རྒྱ་མཚོའི་རུས་སྦལ་མི་འདྲ་བར་གཞིགས་ནས་གཏིང་ཚད་དང་བརླན་ཚད་མི་འདྲ་བའི་བྱེ་དོང་འདྲུས་པ། བྱེ་དོང་ཚང་མའི་འགྲམ་དུ་མཚོན་རྟགས་བྱང་བུ་བཙུགས་ནས་རུས་སྦལ་གྱི་སྒོ་ང་བསྙལ་བའི་དུས་ཚོད་བཀོད་པ། ཐོག་ཁར་གནས་སྐབས་རུས་སྦལ་ཆུང་ཆུང་འཇོག་སའི་ར་སྐྱོར་བསྒར་ནས་སླད་ཕྱིན་བདེ་འཇགས་ངང་མཚོ་འགྲམ་དུ་བསྐྱལ་ཏེ་རྒྱ་མཚོར་གློད་པར་སྟབས་བདེ་བསྐྲུན་ཡོད།

    མིག་སྔའི་བར་རྒྱ་མཚོའི་རུས་སྦལ་གྱི་སྒོ་ང་སྙོལ་སའི་རྟེན་གཞིས་རིམ་རྩིས་བརྒྱབ་ན་རྒྱ་མཚོའི་རུས་སྦལ་གྱི་སྒོ་ང་ཁྲི་2.2ཙམ་བསྡུ་རུབ་བྱས་པ་དང་། རྒྱ་མཚོའི་རུས་སྦལ་གྱི་སྒོ་ང་ཁྲི་1.7ལྷག་ཙམ་བསྙལ་བ་དང་སྒོ་ང་བསྙལ་ཚད་80%ཙམ་ཟིན་གྱི་ཡོད།

    ཀྲུང་གོ་འཛུགས་སྐྲུན་མ་ལེ་ཞི་ཡ་ཀུང་སིའི“རི་ཁུལ་དུ་འོད་སྣང་སྦྱིན་པའི”དང་བླངས་བྱེད་སྒོ།

    —— “ཀྲུང་གོའི‘ཟླ་བ’འདི་ཡིས་ངའི་ཁྱིམ་ཚང་འོད་ཀྱིས་ཁེངས་སོང”

    གསར་འགོད་པ། ཀྲང་ཉན་ཧྲེང་།

    ཀྲུང་གོ་འཛུགས་སྐྲུན་མ་ལེ་ཞི་ཡ་ཀུང་སིའི་ལས་མིས“རི་ཁུལ་དུ་འོད་སྣང་སྦྱིན་པའི”དང་བླངས་བྱེད་སྒོ་སྤེལ་རིང་ས་སྐྱེས་རྡོ་སྐྱེས་ཀྱི་ཡུལ་མིར་དངོས་ཟོག་ཞལ་འདེབས་རྒྱག་བཞིན་པ།

    “གློག་འོད་འཚེར་སོང”ཞེས་པའི་སྐད་སྒྲ་གྲགས་མ་ཐག་བྱིས་པ་ཚོ་རྒྱུག་ཤར་གློད་ནས་ཡོང་སྟེ། གློག་སྒྲོན་འོག་ཏུ་ཕར་ཚུར་འདེད་རེས་བྱས་ནས་རྩེད་མོར་རོལ། དྲོད་འཇམ་གྱི་གློག་འོད་འཛུམ་མདངས་འཕྱུར་བའི་ཁོང་ཚོའི་ངོ་གདོང་ལ་ཐད་ཀར་འཕྲོས། དེ་ནི་ཀྲུང་གོ་འཛུགས་སྐྲུན་མ་ལེ་ཞི་ཡ་ཚད་ཡོད་ཀུང་སིའི་དང་བླངས་པ་ཚོས་རི་ཁུལ་དུ་བསྐྱོད་ནས“རི་ཁུལ་དུ་འོད་སྣང་སྦྱིན་པའི”དང་བླངས་བྱེད་སྒོ་སྤེལ་ཐེངས་གསུམ་པ་རེད།2023ལོ་ནས་བཟུང་མ་ལེ་ཞི་ཡའི་རི་ཁུལ་གྱི་ས་སྐྱེས་རྡོ་སྐྱེས་ཀྱི་ཡུལ་མིར་བདེ་སྐྱིད་སྐྲུན་ཆེད། ཀྲུང་གོ་འཛུགས་སྐྲུན་མ་ལེ་ཞི་ཡ་ཀུང་སིའི“ལན་ཧའེ་དབྱི་ལུའུ”དང་བླངས་ཚོགས་པས་མ་ལེ་ཞི་ཡའི་སྲིད་གཞུང་མིན་པའི་སྤྱི་ཕན་རྩ་འཛུགས་དང་ས་གནས་དེ་གའི་ཁེ་ལས་དང་མཉམ་དུ་མ་ལེ་ཞི་ཡའི་རི་ཁུལ་དུ་ཡོད་པའི་གྲོང་ཚོ་མང་པོ་ཞིག་ཏུ་བསྐྱོད་དེ། “རི་ཁུལ་དུ་འོད་སྣང་སྦྱིན་པའི”དང་བླངས་བྱེད་སྒོ་རྒྱུན་ཆད་མེད་པར་སྤེལ་ཡོད།

    རྒྱ་མཚོའི་རུས་སྦལ་གྱི་སྒོ་ང་སྙོལ་སའི་རྟེན་གཞིའི་རིགས་གཅིག་མཁས་ཅན་གྱིས་ཀག་ནའི་ཐེ་མ་དོས་སྒམ་གྲུ་ཁ་གསར་པའི་ཉེ་འཁོར་དུ་ཡོད་པའི་མཚོ་འགྲམ་དུ་རྒྱ་མཚོའི་རུས་སྦལ་གློད་བཞིན་པ།

    མ་ལེ་ཞི་ཡའི་རི་ཁུལ་གྱི་གྲོང་ཚོ་ཁག་གཅིག་གློག་སྐུད་ཁྲིད་ཐབས་མེད་པའི་རི་བོའི་གསེབ་ཏུ་ཁ་ཐོར་དུ་ཆགས་ཤིང་། དེ་གའི་ཡུལ་མི་ཚོས་ཐོག་མཐའ་བར་གསུམ་དུ་ཞོགས་པ་ཉི་མ་ཤར་མཚམས་སུ་ལས་ཀར་སྐྱོད་པ་དང་དགོང་མོ་ཉི་མ་ནུབ་མཚམས་སུ་ལས་མཚམས་བཞག་ནས་ངལ་གསོ་ཡི་ཡོད། “ང་ཚོས་ཀྱང་འཕེལ་རྒྱས་བྱུང་ན་བསམ་གྱི་འདུག འོན་ཀྱང་རི་བོར་གཏོར་སྐྱོན་བཏང་ན་འགྲིག་ཐབས་མེད། རི་བོ་ནི་ང་ཚོ་མི་རབས་ནས་མི་རབས་བར་རྒྱུན་འཛིན་པའི་རྨང་གཞི་ཡིན” “རི་ཁུལ་དུ་འོད་སྣང་སྦྱིན་པའི”དང་བླངས་བྱེད་སྒོ་ཐེངས་དང་པོ་སྤེལ་རིང་ཕེང་ཧེང་ཀྲོའུ་ཡི་ས་སྐྱེས་རྡོ་སྐྱེས་ཀྱི་གྲོང་ཚོའི་ཚུན་ཀྲང་པ་ཏིའི་སྐད་ཆ་ཞིག་ལས། ཀྲུང་གོ་འཛུགས་སྐྲུན་མ་ལེ་ཞི་ཡ་ཀུང་སིའི་དང་བླངས་པ་ཚོས“མགྱོགས་ཞིང་མྱུར་ལ་གྲོན་ཆུང་ཐུབ་པའི”ཇུས་གཞི་ཁག་གཅིག་དོར་དགོས་བྱུང་བ་དང་མཐར་ཉི་འོད་ནུས་པའི་གློག་སྒྲོན་སྒྲིག་ཆས་བདམས་ཡོད། “གློག་སྒྲོན་གཅིག་བསྒར་བ་དེའང་མི་དང་མིའི་དབར་སེམས་འབྲེལ་ཟམ་པ་སྐྲུན་པ་ཞིག་ཡིན”ཞེས་དང་བླངས་བྱེད་སྒོར་ཞུགས་པའི་གཞོན་ནུ་ལས་མི་ཞིག་གིས་བཤད།

    མི་མེད་གནམ་གྲུ་ནས་པར་བླངས་པའི་ཀག་ནའི་ཐེ་མ་དོས་སྒམ་གྲུ་ཁ་གསར་པ་ཡིན་པ། (ཀྲུང་གོ་མཚོ་ཁུག་ལས་གྲྭ་ཚད་ཡོད་འགན་འཁྲི་ཀུང་སིས་མཁོ་འདོན་བྱས་པ)

    ཉི་ནུས་གློག་སྒྲོན་མཐའ་མ་དེ་སྙོམས་སྒྲིག་ལེགས་གྲུབ་བྱུང་བ་དང་ཆབས་ཅིག་གྲོང་ཚོ་ཧྲིལ་པོ་ནས་དྲོ་སྐྱིད་ལྡན་པའི་གློག་འོད་འཕྲོས། ཕྲུ་གུ་རྣམས་ཀྱིས་གློག་འོད་འོག་ཏུ་རྒྱུག་ཤར་གློད་ཀྱིན་སྐབས་རེ་གློག་སྒྲོན་ལ་བལྟས་པ་དང་སྐབས་རེ་ཕན་ཚུན་ལྟ་རེས་བྱས། རྣམ་པ་དེ་ལས་དང་བླངས་ཞབས་ཞུ་རུ་ཁག་གི་རུ་དཔོན་དབྱང་དབྱིའི་བློ་རུ་གྲོང་ཚོ་གཞན་ཞིག་གི་ཕྲུ་གུས་ཁོང་ལ་བཤད་པའི་སྐད་ཆ་ཞིག་ལྷང་ངེར་དྲན་པ་སྟེ། ཀྲུང་གོའི‘ཟླ་བ’འདི་ཡིས་ངའི་ཁྱིམ་ཚང་འོད་ཀྱིས་ཁེངས་སོང་། ད་ནས་བཟུང་དགོང་མོར་ཡང་དཔེ་དེབ་ལྟ་ཀློག་བྱེད་ཐུབ”ཅེས་པ་དེ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།