2025ལོ་དང“ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་ལས་དོན་ལ་ཕྱི་མིག་ལྟ་བ།
2025ལོ་ནི་སྤྱིར་བཏང་གཏན་ནས་མིན་པའི་ལོ་ཞིག་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སླར་ཡང་བོད་དུ་གཟིགས་ཞིབ་གནང་བར་ཕེབས་པ་དང་། ཉིང་ཁྲི་གྲོང་ཁྱེར་ཀ་ལ་གྲོང་ཚོའི་གྲོང་མི་ཡོངས་ལ་འཕྲིན་ལན་སྤྲིངས་གནང་བ་དེས་ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་མཉམ་སྐྲུན་དང་མཛེས་སྡུག་ལྡན་པའི་བོད་ལྗོངས་ཀྱི་ལེའུ་གསར་པ་རྩོམ་པའི་ཡིད་ཆེས་དང་ཆོད་སེམས་བརྟན་དུ་སོང་ཡོད། ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཐོག ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་རིམ་བྱུང་གི་དགོངས་དོན་ལག་བསྟར་མཐར་ཕྱིན་དང་། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བཅས་བྱས་ཏེ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་དམ་པོར་བརྟེན་ཞིང་། “དོན་ཆེན་བཞིར”དམིགས་པ་དང་“འཛུགས་གཏོད་བཞིར”ནུས་ཤུགས་གཅིག་ཏུ་བསྒྲིལ་སྟབས། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་གོང་འཕེལ་ལ་སྐུལ་འདེད་ཏན་ཏིག་གཏོང་ཐུབ་པ་བྱུང་ཡོད། ས་གནས་ཀྱི་ཐོན་སྐྱེད་སྤྱིའི་རིན་ཐང་7%འཕར་བ་དང་། གཏན་འཇགས་རྒྱུ་ནོར་ཐད་མ་དངུལ་འཇོག་ཚད་17.2%འཕར་བ། སྤྱི་ཚོགས་ཀྱི་འཛད་སྤྱོད་དངོས་ཟོག་སིལ་འཚོང་བྱེད་འབོར་4.4%འཕར་བ། གཞི་ཁྱོན་ལྡན་པའི་བཟོ་ལས་འཕར་ཐང་12.4%འཕར་བ། སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་14.7%འཕར་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་ཀྱི་ལག་ཐོག་ཡོང་འབབ་ཁག་སོ་སོར་6%དང་7.4%འཕར་བ། གྲོང་ཁྱེར་དང་གྲོང་རྡལ་གྱི་བརྟག་དཔྱད་བྱེད་ཁོངས་ཀྱི་ལས་ཤོར་བསྡུར་ཚད་5%ནང་ཚུན་དུ་ཚོད་འཛིན་ཐུབ་པ་བཅས་ཀྱི་ཐོག་ནས་དཔལ་འབྱོར་གྱི་དམིགས་ཚད་གཙོ་བོའི་འཕར་ཚད་མུ་མཐུད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཐུབ་ཡོད་པ་བཅས་ཡིན།
ལོ་འདིར་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་རྟེན་འབྲེལ་བྱེད་སྒོ་གཟབ་རྒྱས་འཚོགས་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་སྐུ་ཚབ་ཚོགས་པའི་སྣེ་ཁྲིད་དེ་རྟེན་འབྲེལ་བྱེད་སྒོར་ཞུགས་གནང་བ་མ་ཟད། གསུང་བཤད་གལ་ཆེན་གནང་བ་དང་མཛུབ་སྟོན་གལ་ཆེན་གནང་བ་དེས་ང་ཚོར་རྒྱང་ལམ་གསར་པའི་ཐོག་ཞུམ་མེད་མདུན་སྐྱོད་བྱེད་པའི་ཁ་ཕྱོགས་གསལ་སྟོན་གནང་བ་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། ང་ཚོས་རྟེན་འབྲེལ་བྱེད་སྒོ་དང་མང་ཚོགས་རང་བཞིན་གྱི་བྱེད་སྒོ་རབ་དང་རིམ་པ་ཞིབ་ཚགས་སྤེལ་བ་དེ་ཐོག་ནས་ལོ་ངོ་60རིང་གི་རང་ལྗོངས་ཀྱི་བྱ་གཞག་ཁག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་གང་ལེགས་མངོན་པ་དང་། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་དེ་མཁས་མཛངས་ལྡན་ལ་ཡང་དག་ཡིན་པ་ར་སྤྲོད་གང་ལེགས་བྱས་པ། གངས་ལྗོངས་ཀྱི་བུ་ཕྲུག་ཚོས་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་བྱ་སྤྱོད་ཀྱི་རང་རྟོགས་གང་ལེགས་མངོན་པར་བྱས་ཡོད།
ལོ་འདིར་དུས་རབས་གསར་པའི་མཚོན་རྟགས་རང་བཞིན་གྱི་ལས་གྲྭ་གལ་ཆེན་བདེ་བླག་ངང་ལས་འགོ་ཚུགས་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་ཇུས་འགོད་དང་། བཀོད་སྒྲིག སྐུལ་འདེད་བཅས་གནང་བའི་ཡར་སྨད་ཆུ་གློག་ལས་གྲྭ་སྐྲུན་འགོ་ཚུགས་པ་དང་། ཀྲུང་གོ་ཡར་ཀླུང་གཙང་པོ་ཚོགས་པ་བོད་དུ་གཞིས་ཆགས་བྱུང་བ་སྟེ། ཐོག་མའི་འཆར་གཞི་འགོད་པ་ནས་ལས་འགོ་བརྩམ་པའི་བར་གྱི་མི་རབས་དུ་མའི་ཕུགས་འདུན་མངོན་འགྱུར་ཐུབ་པ་བཅས་བྱུང་ཡོད། ང་ཚོས་ཐོག་མཐའ་བར་གསུམ་དུ་རྒྱལ་ཁབ་ཀྱི་འཐབ་ཇུས་ལ་ཞབས་ཞུ་དང་འགན་སྲུང་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ཏེ། ཚད་གཞི་མཐོ་ཤོས་ལ་བརྟེན་ནས་གཙོ་རྒྱུར་འགན་སྲུང་དང་གཅིག་གྱུར་འཆར་འགོད་དང་། བྱེད་ཐབས་དངོས་ལ་བརྟེན་ནས་ཐོན་ལས་གོང་འཕེལ་དང་སྦྲེལ་མཐུད། ཞབས་ཞུ་ཡག་ཤོས་ལ་བརྟེན་ནས་ལས་གྲྭ་ལག་བསྟར་བྱེད་པར་འགན་སྲུང་བཅས་བྱས་པས་ནུས་ལྡན་དང་། རིམ་ལྡན། ཕན་ལྡན་གསུམ་གྱི་སྒོ་ནས་ལས་གྲྭ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་ཡོད།
ལོ་འདིར་དིང་རིར་ས་ཡོམ་གྱི་གནོད་འཚེ་བྱུང་རྗེས་བསྐྱར་སྐྲུན་ལས་དོན་ལ་རྒྱལ་ཁ་ཆེན་པོ་ཐོབ་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དིང་རིར་ས་ཡོམ་རིམ་པ་6.8བརྒྱབ་རྗེས་དེ་མ་ཉིད་དུ་མཛུབ་སྟོན་གལ་ཆེན་གནང་བ་དང་། ཀྲུང་དབྱང་ཆབ་སྲིད་ཅུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཆེད་དུ་གཙོ་སྐྱོང་གནང་ནས་ཡོམ་འགོག་གེགས་སེལ་གྱི་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ་དེས། ང་ཚོར་ཡོམ་འགོག་གེགས་སེལ་དང་གནོད་འཚེའི་རྗེས་ཀྱི་སླར་གསོ་བསྐྱར་སྐྲུན་བྱེད་པར་བྱ་སྤྱོད་སྤེལ་རྒྱུའི་ཁ་ཕྱོགས་བསྟན་ཡོད། ང་ཚོས་མི་དམངས་གོང་དུ་བཀུར་རྒྱུ་དང་ཚེ་སྲོག་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་བྱས་ཏེ། ཚད་གཞི་མཐོ་ཤོས་ཀྱི་ཐོག་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇཌ་ལ་འགན་སྲུང་བྱས་པ་དང་། ཚན་རིག་དང་མཐུན་ཞིང་གོ་རིམ་ལྡན་པའི་སྒོ་ནས་གནོད་འཚེའི་རྗེས་ཀྱི་བསྐྱར་སྐྲུན་ལས་དོན་ལ་སྐུལ་འདེད་བཏང་བར་བརྟེན། “ལོ་འདི་གར་བསྐྱར་སྐྲུན་དང་གནས་སྡོད་ཐུབ་པ”བྱ་རྒྱུ་མངོན་འགྱུར་བྱུང་བ་དང་། མི་རིགས་མཐུན་སྒྲིལ་དང་ཕན་ཚུན་ལྟ་སྐྱོང་བྱེད་པའི་མི་སེམས་འགུལ་བའི་ལེའུ་བརྩམས་པ། སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་དང་མེས་རྒྱལ་ཁྱིམ་ཚང་ཆེན་པོའི་དྲོ་སྐྱིད་འགྲན་ཟླ་བྲལ་བ་མངོན་པ་བཅས་བྱས་ཡོད།
ལོ་གཅིག་གི་རིང་ང་ཚོས་གཤམ་གསལ་གྱི་ལས་དོན་ཁག་གཙོ་གནད་དུ་བཟུང་ནས་བསྒྲུབས་ཡོད།
གཅིག་ནི་བློ་བརྟན་འགྱུར་མེད་ངང་བརྟན་ལྷིང་འགན་ལེན་བྱས་ནས་ཞི་མཐུན་ལ་སྐུལ་འདེད་བཏང་བ།
ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་ཏེ། “7+1”གི་བརྟན་ལྷིང་སྲུང་སྐྱོང་དང་འགོག་ཟོན་བྱེད་ཐབས་ལེགས་སུ་བཏང་ནས་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་རྟེན་འབྲེལ་ཆེ་མོའི་བདེ་སྲུང་ལས་དོན་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བྱུང་བ་དང་། སྤྱི་ཚོགས་བཅོས་སྐྱོང་གི་ནུས་ཕྱོད་རྒྱུན་ཆད་མེད་པར་ཆེ་རུ་སོང་བ། བོད་ལྗོངས་ཀྱི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་གླེང་སྟེགས་སྐབས་གཉིས་པ་བདེ་བླག་ངང་གཉེར་བ། གྲོང་ཚོ་དང་གྲོང་ལྷན་གྱི་འགན་གཙོ་ཡིས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་རྩ་བའི་ཆ་ནས་བེད་སྤྱོད་བྱེད་ཤེས་པའི་བསྡུར་ཚད་94%བར་མཐོ་རུ་སོང་བ། ཡིག་འབུལ་ཞུ་བཅར་ལས་དོན་ཁྲིམས་སྐྱོང་ཅན་དུ་འགྱུར་རྒྱུར་སྐུལ་འདེད་ཏན་ཏིག་བཏང་བ། སྲིད་གཞུང་གི་བུ་ལོན་ཉེན་ཁ་དེ་ལྗང་མདོག་རིམ་པར་རྒྱུན་འཁྱོངས་ཐུབ་པ། དངུལ་ཁང་ལས་རིགས་ཀྱི་ཚུལ་མིན་དངུལ་བུན་གཏོང་ཚད་རྒྱལ་ཡོངས་ཀྱི་དམའ་ཤོས་སུ་རྒྱུན་འཁྱོངས་ཐུབ་པ། གེགས་སེལ་འཕྲལ་སྡོམ་དང་ལེན་ལམ་སྲོལ་དང་སྔོན་ཇུས་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་རིགས་འདྲ་མིན་གྱི་ཐོན་སྐྱེད་བདེ་འཇགས་ཀྱི་དོན་རྐྱེན་ཐོན་གྲངས་དང་མི་ཤི་རྨས་བྱུང་ཚད“གཉིས་ཆག”བྱུང་བ་བཅས་ཡིན།
གཉིས་ནི་ནུས་ཤུགས་ཡོད་རྒུས་ནང་མཁོ་རྒྱ་སྐྱེད་དང་འཕར་སྣོན་བརྟན་པོ་ཡོང་བ་བྱས་པ།
གཙོ་གནད་རྣམ་གྲངས་ལ་མ་དངུལ་སྒོར་དུང་ཕྱུར་2125བཏང་བ་དང་། འབྲི་ཆུའི་སྟོད་རྒྱུད་ནས་ཧུའུ་པེ་བར་གྱི་ཆེས་མཐོའི་ཐད་རྒྱུག་གློག་གཏོང་ལས་གྲྭ་བསྐྲུན་ཟིན་ནས་སྤྱོད་འགོ་ཚུགས་པ། ཁྲོན་བོད་ལྕགས་ལམ་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་བ། བོད་དང་ཀོང་ཏུང་གི་ཐད་རྒྱུག་གློག་གཏོང་དང་མཚོ་བོད་ལྕགས་ལམ་གོར་ལྷའི་ལམ་རྒྱུད་གློག་ཤུགས་ཅན་གྱི་སྒྱུར་བཟོའི་ལས་གྲྭ་འཛུགས་སྐྲུན་བྱེད་འགོ་ཚུགས་པ། ཤངས་ཆུ་དང་ལ་ལྷོ་ཆུ་བེད་ལྟེ་གནས་བེད་སྤྱོད་གཏོང་འགོ་ཚུགས་པ། ཡོངས་སྤྱོད་གནམ་ཐང་འཛུགས་སྐྲུན་བྱེད་པར་གོ་རིམ་ལྡན་པའི་སྐུལ་འདེད་བཏང་བ། འཛད་སྤྱོད་དངོས་ཟོག་རྙིང་ཚབ་གསར་བརྗེའི་ཕྱིར་ཚོང་བྱེད་ཚད་སྒོར་དུང་ཕྱུར་30ལས་བརྒལ་བ། “ལྷ་སའི་མཚན་མོའི་གྲོང་”སོགས་འཛད་སྤྱོད་ཀྱི་ཡུལ་རྣམ་གསར་པ་བཏོད་པ། འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས་སྒོར་དུང་ཕྱུར་75སྐུལ་འཁྲིད་བྱས་པ་བཅས་ཡིན།
གསུམ་ནི་སྤུས་འབྲས་ལེགས་གཉེར་གྱིས་ཐོན་ལས་ལེགས་ཆ་དར་སྤེལ་བཏང་བ།
ནས་ཀྱི་ཐོན་ལས་གོང་འཕེལ་ཚོགས་ཆེན་སྐབས་དང་པོ་འཚོགས་ཤིང་། འབྲུ་རིགས་ཐོན་སྐྱེད་ལ་སླར་ཡང་ལོ་ལེགས་བྱུང་བ་དང་། ཤ་སྒོང་འོ་གསུམ་དང་སྔོ་ཚལ་ཐོན་ཚད་ཀྲོན་ཁྲི་བརྒྱ་ཡི་འགག་སྒོ་ལས་བསྒྲོལ་བ། ནུས་རྒྱུ་གཙང་མའི་གློག་ཤུགས་ཀྱི་གློག་འདོན་ཚད་སྟོང་ཝ་ཁྲི་1300ལས་བརྒལ་བ། ས་མཐོའི་ཐབ་ཆས་རིམ་རྩིས་བྱས་ན་སྒོར་དུང་ཕྱུར་5.1བྲིན་ཚོང་བྱས་པ། དམངས་སྤྱོད་མཁའ་འགྲུལ་གྱི་ལོ་རེའི་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་800ལས་བརྒལ་བ། “ཡར་ཀླུང་གཙང་པོ་ཨང་དང་པོ”རིག་རྩིས་ལྟེ་གནས་བསྐྲུན་ནས་གཉེར་སྐྱོང་བྱས་པ། དངུལ་རྩའི་ལས་རིགས་ཀྱི་འཕར་ཐང་འཕར་ཚད་མུ་མཐུད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ། ཡུལ་སྐོར་སྣེ་ལེན་དང་ཡུལ་སྐོར་གྱི་སྤྱིའི་འགྲོ་སོང་ཁག་སོ་སོར་10.7%དང་9.5%འཕར་བ། རིག་གནས་ཐོན་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་150ལས་བརྒལ་ཡོད།
བཞི་ནི་མཉམ་འདྲེས་གོང་འཕེལ་གྱིས་གྲོང་རྡལ་དར་རྒྱས་དང་གྲོང་གསེབ་ལ་སྣེ་ཁྲིད་བྱས་པ།
གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པའི་འཛུགས་སྐྲུན་ལ་སྐུལ་འདེད་བརྟན་པོ་བཏང་ནས་རྒྱུན་སྡོད་མི་འབོར་གྲོང་རྡལ་ཅན་དུ་འགྱུར་ཚད་40%ཟིན་པ་དང་། ནུས་རྒྱུ་གཙང་མའི་དྲོད་འདོན་ལས་གྲྭ་22དང་གསོ་རླུང་མཁོ་འདོན་ལས་གྲྭ་13ལག་བསྟར་བྱས་པ། འགན་སྲུང་རང་བཞིན་གྱི་བདེ་སྡོད་ལས་གཞི་ཁྲི་1.79འཛུགས་སྐྲུན་བྱས་པ་དང་། སྡེ་ཁུལ་རྙིང་པ་70དང་གྲོང་གསེབ་ཀྱི་ཉེན་ཡོད་ཁང་པ་བསྒྱུར་བཀོད་དང་བརྟན་བཟོ་བྱས་པའི་ཁྱིམ་དུད་6101ཟིན་པ། ལྷ་སའི་བར་སྐོར་གནའ་གྲོང་སྲུང་སྐྱོབ་དང་གྲོང་ཁུལ་རྙིང་པ་བསྒྱུར་བཀོད་རིམ་སྤོར་ལས་གྲྭ་གོ་རིམ་ལྡན་པའི་ལག་བསྟར་བྱས་ཏེ། གྲོང་ཁྱེར་གྱི་རྣམ་པ་རྒྱུན་མཐུད་གསར་བསྒྱུར་བྱས་པ། ས་མཐོའི་མཛེས་མཐུན་གྲོང་གསེབ་180གསར་སྐྲུན་བྱས་པ། དབུལ་ལོག་དབུལ་འགྱུར་སྔོན་འགོག་གི་རྒྱུན་རྣམ་ལྟ་ཞིབ་ཚད་ལེན་གྱི་ལས་དོན་ཏན་ཏིག་སྤེལ་ནས་དབུལ་སྒྲོལ་མི་འབོར་གྱི་མི་རེའི་ཆ་སྙོམས་འབབ་སྨར་12.1%འཕར་ཡོད།
ལྔ་ནི་སྙིང་རུས་གཏན་འཁྱོངས་ཀྱིས་བསྒྱུར་བཅོས་ལ་དམ་འཛིན་དང་གསོན་ཤུགས་འཕེལ་བར་བྱས་པ།
གཞི་ཆེའི་སྲིད་ཇུས་འཛིན་ཕྱོགས་ལ་གཅིག་གྱུར་རང་བཞིན་གྱི་ཚོད་སྐོར་བྱེད་པའི་ལམ་སྲོལ་བཟོས་ཏེ། ཁྲོམ་རར་ཞུགས་འཐུས་ཀྱི་བཀག་རྒྱ་གཙང་སེལ་བཅོས་སྒྲིག་བྱེད་པའི་བྱ་སྤྱོད་སྤེལ་བ་དང་། སྲིད་དོན་ཞབས་ཞུ་ཚད་ལྡན་ཅན་དུ་འགྱུར་བར་སྐུལ་འདེད་ཇེ་མགྱོགས་བཏང་ནས“ལས་ཕྱོད་ཆེ་བའི་དོན་དག་གཅིག་སྒྲུབ་པའི”དུས་ཐེངས་བཞི་པའི་གཙོ་གནད་དོན་ཚན་43ཚང་མ་དྲ་ཐོག་ཏུ་སྤྱོད་འགོ་ཚུགས་པ་དང་། ཐོན་མང་བའི་སྲིད་དོན་ཞབས་ཞུའི་དོན་ཚན་80ལྗོངས་ནང་ཁུལ་དུ“ཀུན་སྒྲུབ”བྱ་རྒྱུ་མངོན་འགྱུར་བྱུང་བ། “དྲ་རྒྱ་གཅིག”སྡེ་གླིང་ཁག་ལ་ཁྱབ་ཐུབ་པ་བྱུང་བ། ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ལེགས་སུ་བཏང་བས་ཚོང་དང་མ་རྩ་འདྲེན་འགུགས་བྱས་པའི་ལག་འབྱོར་མ་དངུལ་སྒོར་དུང་ཕྱུར་619ཟིན་པ་དང་ཁེ་ལས་ཆུང་ཕྲན་ལ་ཐོག་མའི་དངུལ་བུན་སྒོར་དུང་ཕྱུར་85.3མང་དུ་ཕྱིན་པ། འཕྲུལ་སྒུལ་འཁོར་རིགས་ལ་སྣུམ་སྣོན་པའི“ལག་ཁྱེར་གསུམ”གྱི་ཐོ་འགོད་ལམ་ལུགས་ཕྱོགས་ཡོངས་ནས་མེད་པ་བཟོས་པ། གཞུང་ཁོངས་རྒྱུ་ནོར་དང་གཞུང་ཁོངས་ཁེ་ལས་ལ་བསྒྱུར་བཅོས་གཏིང་ཟབ་བྱས་ནས་རང་སྐྱོང་ལྗོངས་སྲིད་གཞུང་གི་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ལྷན་གྱིས་ལྟ་སྐུལ་དོ་དམ་བྱས་པའི་ཁེ་ལས་ཀྱི་ཁེ་སྤོགས་10%ཡན་འཕར་བ། 2025·ཀྲུང་གོའི་བོད་ལྗོངས་གོང་འཕེལ་གླེང་སྟེགས་དང“ཧི་མ་ལ་ཡ་བསྐོར་བའི”ཁེ་ལས་པའི་རྒྱལ་སྤྱིའི་ཚོགས་འདུ་བདེ་བླག་ངང་འཚོགས་པ། ནོར་སྲིད་ཀྱིས་ཚན་རྩལ་ལ་མ་དངུལ་འཇོག་གྲངས་ལྡབ་འཕར་བྱུང་བ། མཚོ་བོད་ཚན་རིག་རྟོག་ཞིབ་ཚོགས་པ་ཐེངས་གཉིས་པས“ཉེར་སྤྱོད་ཀྱི་གྲུབ་འབྲས་ཆེན་པོ་བཅུ”ཁྱབ་བསྒྲགས་བྱས་པ་བཅས་ཡིན།
དྲུག་ནི་འབད་པ་ཆེར་བསྐྱེད་ཀྱིས་དམངས་འཚོར་ཕན་འདོགས་པ་དང་མི་སེམས་གཅིག་ཏུ་བསྒྲིལ་བ།
མ་དངུལ་སྒོར་དུང་ཕྱུར་187བཏང་ནས་དམངས་འཚོའི་བྱ་བ་དངོས་ཁག“28+10”ལེགས་སྒྲུབ་བྱས་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་མི་གྲངས་ཁྲི་5.1འཕར་སྣོན་བྱུང་བ། ཞིང་འབྲོག་མང་ཚོགས་མི་ཁྲི་66གནས་སྒྱུར་ལས་ཞུགས་ཐུབ་ནས་ངལ་ནུས་ཡོང་འབབ་སྒོར་དུང་ཕྱུར་75.4ཟིན་པ། ལོ་འདི་གའི་མཐོ་སློབ་ཐོན་པའི་སློབ་མ་ལས་ཞུགས་ཐུབ་ཚད་95%ཡན་ཟིན་པ་དང་དེའི་ནང་ལྗོངས་ཕྱིའི་ལས་ཞུགས་ཀྱིས་12%ཡན་བཟུང་བ། དམངས་ཡོངས་ལ་ཁྱབ་པའི་རིམ་མང་སྤྱི་ཚོགས་འགན་སྲུང་མ་ལག་གཞི་རྩའི་ཆར་གྲུབ་པ། བོད་ལྗོངས་ཞིང་འབྲོག་སློབ་གླིང་དེ་བོད་ལྗོངས་ཞིང་འབྲོག་སློབ་ཆེན་ལ་རིམ་འཕར་བྱུང་བ། ལྷ་ས་དགེ་འོས་མཐོ་རིམ་སློབ་གྲྭ་ཆེད་ཚན་ནས་དངོས་གཞིའི་སློབ་ཆེན་དུ་བསྒྱུར་ཐུབ་པ་བྱུང་བ། གཞིས་རྩེ་ལས་རིགས་ལག་རྩལ་སློབ་གླིང་བསྐྲུན་ནས་སློབ་མ་བསྡུ་འགོ་ཚུགས་པ། ཀྲུང་གོའི་བོད་ལྗོངས་ཧི་མ་ལ་ཡ་བསྐོར་བའི་བོད་ལུགས་གསོ་རིག་དང་སྨན་རྫས་ཞིབ་འཇུག་ལྟེ་གནས་འཛུགས་རྒྱུར་ཆོག་མཆན་ཐོབ་པ། ཧྭ་ཞི་སྨན་ཁང་བོད་ལྗོངས་སྨན་ཁང་དུ་དངོས་སུ་སྨན་བཅོས་བྱེད་འགོ་ཚུགས་པ། “རིམ་གསུམ་ཀ་པའི”སྨན་ཁང་ས་གནས(གྲོང་ཁྱེར)བདུན་ལ་ཁྱབ་ཐུབ་པ་བྱུང་ཡོད།
བདུན་ནི་སྐྱེ་ཁམས་སྔོན་འཇོག་གིས་མཐོ་ས་བསྐྲུན་པ་དང་མཐའ་ཚད་སྲུང་བ།
《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོབ་བཅའ་ཁྲིམས》ལག་བསྟར་བྱ་ཐབས་འདོན་རྒྱུར་སྐུལ་འདེད་བཏང་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་གྱི“1+8”ལམ་ལུགས་མ་ལག་འཛུགས་སྐྱོང་བྱས་པ། དུས་ཁག་དང་པོའི་རང་སྐྱོང་ལྗོངས་4Aརིམ་པའི“སྙིགས་མེད་གྲོང་ཁྱེར”ལ་ཞིབ་དཔྱད་གཏན་འཁེལ་བྱུང་བ། ནགས་བཟོ་མུའུ་ཁྲི་148གསར་སྣོན་བྱས་པ་དེའི་ནང་ལྷོ་བྱང་རི་བོའི་སྔོ་འགྱུར་ལས་གཞིའི་མུའུ་ཁྲི་43ཚུད་ཡོད། ཞན་འགྱུར་རྩྭ་ཐང་མུའུ་ཁྲི་517སླར་གསོ་བཅོས་སྐྱོང་བྱས་པ། ས་ཆུ་ཤོར་བའི་ས་ཞིང་མུའུ་ཁྲི་23བཅོས་སྐྱོང་བྱས་པ། ལྗོངས་ཡོངས་ཀྱི་ཁོར་ཡུག་གི་མཁའ་རླུང་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་བསྡུར་ཚད་99%ཡན་བཟང་འཁྱོངས་ཐུབ་པ། གཙང་ཆུ་དང་མཚེའུ་གཙོ་གྲས་དེ་བཞིན་འཐུང་ཆུའི་ཆུ་ཁུངས་སྤུས་ཚད་ལོན་ཚད་100%ཟིན་ཡོད།
བརྒྱད་ནི་མཐའ་དར་དམངས་ཕྱུག་གིས་རྨང་གཞི་དང་རྩ་བ་བརྟན་དུ་བཏང་བ།
རིག་ལྡན་མཐའ་སྲུང་རྣམ་གྲངས་ཁག་དང་པོ་བསྐྲུན་ནས་སྤྱོད་འགོ་ཚུགས་པ་དང་། མཐའ་མཚམས་ཀྱི་ཤང་དང་གྲོང་རྡལ་ཚང་མར་5Gདང་ཀྲའོ་སྟོང་གི་འོད་དྲ་ཤར་གཏོང་ཐུབ་པ། གློག་དྲ་གཙོ་བོ་མཐའ་མཚམས་ཀྱི་གྲོང་གསར་ཚང་མར་སྣུར་སྲིང་ཐུབ་པ། མཐའ་མཚམས་ཀྱི“བདེ་སྡོད་དམིགས་བསལ་གཟིགས་སྐྱོང་”གློག་སྤྱོད་ཁ་གསབ་སྲིད་ཇུས་ལག་བསྟར་བྱས་པ། མཐའ་མཚམས་ཡུལ་མིའི་ཁ་གསབ་ཚད་གཞི་སླར་ཡང་སྒོར་1200མཐོ་རུ་བཏང་བ། ཚད་ལྡན་གྱི“མཐའ་མཚམས་སློབ་གྲྭ”10བསྐྲུན་པ། མཐའ་མཚམས་ཤང་དང་གྲོང་རྡལ་ཚང་མར་ཚད་ལྡན་གྱི་འཕྲོད་བསྟེན་ཁང་འཛུགས་སྐྲུན་བྱ་རྒྱུ་ཕྱོགས་ཡོངས་ནས་ལེགས་གྲུབ་ཟིན་པ་བཅས་ཡིན།
ལོ་ལྔ་པོ་འདི་ནི་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་གནད་སྨིན་བྱུང་བའི་ལོ་ལྔ་ཡིན།
“ལོ་ལྔ་ཚན་བཅུ་བཞི་པ”འགོ་ཚུགས་པའི་ལོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་བོད་ལ་ཕེབས་ཏེ་བོད་ལ་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུས་པ་དང་། མཇུག་བསྡུ་བའི་ལོར་ཁོང་སྐུ་ངོ་མས་ཀྲུང་དབྱང་སྐུ་ཚབ་ཚོགས་པའི་སྣེ་ཁྲིད་དེ་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་རྟེན་འབྲེལ་བྱེད་སྒོར་ཕེབས་པ་ནི་ཏང་དང་རྒྱལ་ཁབ་ཀྱི་ལོ་རྒྱུས་ཐོག་ཐེངས་དང་པོ་ཡིན། སྤྱི་ཁྱབ་ཧྲུའུ་ཅིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་སྙིང་དབུས་སུ་བཅངས་ཏེ། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་རབ་དང་རིམ་པ་བཏོན་ནས་བརྟན་ལྷིང་དང་། གོང་འཕེལ། སྐྱེ་ཁམས། མཐའ་སྟོབས་བཅས་དོན་ཆེན་བཞི་ཁ་གསལ་སྟོན་གནང་ཡོད། རང་སྐྱོང་ལྗོངས་ཀྱིས་དམིགས་ས་ཡོད་པའི་སྒོ་ནས་ལག་བསྟར་དོན་འཁྱོལ་བསམ་འཆར་དང་སྲོལ་ཡིག་བཏོན་ནས“དོན་ཆེན་བཞིར”དམ་འཛིན་ཡག་པོ་བྱེད་པའི་ལས་ཀའི་མ་ལག་ཆ་ཚང་ཞིག་བཟོས་ཡོད།
ལོ་ལྔ་པོ་འདི་ནི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྔར་བས་མི་སེམས་སུ་གཏིང་ཟབ་ཟུག་པའི་ལོ་ལྔ་ཡིན།
ང་ཚོས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟབ་ཏུ་གཏོང་རྒྱུ་དེ་གཙོ་རྐང་དུ་བརྩིས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་དང་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ་འཛུགས་གཏོད་ལས་དོན་ཏན་ཏིག་སྤེལ་ནས་ས་གནས(གྲོང་ཁྱེར)ཚང་མར་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་གྲོང་ཁྱེར་འཛུགས་གཏོད་བྱས་པ་དང་། རྫོང་(ཆུད་དང་གྲོང་ཁྱེར)ཚང་མར་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་རྫོང་འཛུགས་གཏོད་བྱས་ཡོད། ང་ཚོས་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ་དེ་ལས་འགན་ཨང་དང་པོར་བརྩིས་ཤིང་། ལོ་5རིང་ཆབ་སྲིད་རང་བཞིན་དང་། ཁྱུ་ཚོགས་རང་བཞིན། གཏུམ་སྤྱོད་འཇིགས་སྐུལ་བཅས་ཀྱི་གྱོད་གཞི་ཚབས་ཆེན་ཐོན་མེད་པ་དང་མི་རིགས་ཁག་གི་མང་ཚོགས་ཀྱི་བདེ་སྣང་དང་བློ་ཡིད་ཚིམ་ཚད་99%ཡན་རྒྱུན་འཁྱོངས་ཐུབ་ཡོད།
ལོ་ལྔ་པོ་འདི་ནི་བོད་ལ་གོང་འཕེལ་ཡག་ཤོས་དང་འགྱུར་ལྡོག་ཆེ་ཤོས་ཕྱིན་པའི་ལོ་ལྔ་ཡིན།
ང་ཚོས་སྤུས་ཚད་མཐོ་བའི་གོང་འཕེལ་དེ་དུས་རབས་གསར་པའི་བསྙོན་མེད་དོན་དམ་དུ་བརྩིས་ཏེ། གོང་འཕེལ་གྱི་འདུ་ཤེས་གསར་པ་ཆ་ཚང་ཞིང་འཕྱུགས་པ་མེད་པའི་སྒོ་ནས་ལག་བསྟར་བྱས་ནས་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་གོང་འཕེལ་གྱི་སྔོན་སྤེལ་ཁུལ་འཛུགས་སྐྲུན་བྱེད་མགྱོགས་སུ་བཏང་བ་དང་། དཔལ་འབྱོར་གྱི་གཞི་ཁྱོན་དང་། ཕན་འབྲས། གསོན་ཤུགས་བཅས་མངོན་གསལ་དོད་པོས་ཆེ་རུ་སོང་ཞིང་། ས་གནས་ཀྱི་ཐོན་སྐྱེད་སྤྱིའི་རིན་ཐང་ལོ་རེར་ཆ་སྙོམས་6.3%འཕར་བ་དང་། ལོ་ལྔའི་རིང་སྒོར་དུང་ཕྱུར་སྟོང་གཉིས་ཀྱི་སྐས་རིམ་ལས་བརྒལ་བ། ལྗོངས་ཡོངས་ཀྱི་ས་གནས་ནོར་སྲིད་ཀྱི་ཡོང་འབབ་དང་གཏོང་སྒོ་ཁག་སོ་སོར་སྒོར་དུང་ཕྱུར་300དང་སྒོར་དུང་ཕྱུར་3000ལས་བརྒལ་ཡོད།
ལོ་ལྔ་པོ་འདི་ནི་བདེ་འཇགས་སྲུང་བཅད་སྔར་བས་བརྟན་པའི་ལོ་ལྔ་ཡིན།
ང་ཚོས་མཚོ་བོད་ས་མཐོའི་སྐྱེ་ཁམས་ལ་སྲུང་སྐྱོབ་ཡག་པོ་བྱ་རྒྱུ་དེ་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་ཞིག་ཏུ་བརྩིས་ཏེ། སྐྱེ་ཁམས་སྔོན་ལ་འཇོག་པ་དང་སྲུང་སྐྱོབ་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་བྱས་ནས་སྐྱེ་ཁམས་ཁོར་ཡུག་གི་སྲུང་སྐྱོབ་ལམ་ལུགས་ལག་བསྟར་ནན་ཤོས་བྱས་པ་དང་། ས་གནས(གྲོང་ཁྱེར)བདུན་ཚང་མར་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་དཔེ་སྟོན་ཁུལ་འཛུགས་གཏོད་བྱས་པས་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་སྐྲུན་བྱེད་པར་ཕན་འབྲས་གལ་ཆེན་ཐོབ་ཡོད། ང་ཚོས་བླ་ན་མེད་པའི་རྒྱལ་ཁོངས་ཡག་པོ་བསྲུང་རྒྱུ་དེ་རྒྱལ་ཁབ་ཀྱི་བདེ་འཇགས་དང་ཡུན་རིང་བདེ་འཁོད་འགན་ལེན་བྱེད་པའི་འགག་རྩར་བརྩིས་ཏེ། མཚོ་སྣ་དང་སྨན་གླིང་རྫོང་གཏོར་གྲོང་འཛུགས་བྱས་པ་དང་། མཐའ་མཚམས་གྲོང་གསར་འཛུགས་སྐྲུན་གྱི་ལས་འགན་ཚད་བརྒལ་ལེགས་གྲུབ་བྱས་པ། མཐའ་མཚམས་ས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་མུ་མཐུད་འཐུས་ཚང་དུ་བཏང་བ། མཐའ་མཚམས་ཀྱི་ཁྱད་ལྡན་ཐོན་ལས་གོང་འཕེལ་བྱེད་མགྱོགས་སུ་བཏང་བ། མཐའ་མཚམས་ས་ཁུལ་དུ་བདེ་སྡོད་ཐོན་ལས་སྤེལ་རྒྱུར་མི་འབོར་དེ་བས་མང་བའི་ཡིད་དབང་འགུགས་ཐུབ་པ་བཅས་བྱས་ཡོད།
ལོ་ལྔ་པོ་འདི་ནི་མི་རིགས་ཁག་གི་མང་ཚོགས་ལ་ཕན་པ་མང་ཤོས་ཐོབ་པའི་ལོ་ལྔ་ཡིན།
ང་ཚོས་དམངས་འཚོ་ལེགས་བཅོས་དང་མི་སེམས་གཅིག་ཏུ་བསྒྲིལ་རྒྱུ་དེ་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་བའི་ཐོག་མའི་དམིགས་ས་དང་དོན་ལ་བབས་སར་བརྩིས་ཏེ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྨང་གཞིའི་རྒན་གསོའི་མ་དངུལ་གྱི་ཚད་གཞི་ཐེངས་5མཐོ་རུ་བཏང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འགན་སྲུང་དང་སློབ་གསོའི“འགན་ལེན་གསུམ”གྱི་ཚད་གཞི་ཐེངས་4མཐོ་རུ་བཏང་བ། “དམིགས་བྱ་ལྔ”ཡི་བླང་བྱ་དོན་འཁྱོལ་བྱས་པ། གྲུམ་བུ་ཚིགས་ཆེན་གྱི་ནད་རྟགས་གསར་པ་ཐོན་མེད་པ། ཐུམ་འབུའི་ནད་སྐབས་བསྟུན་གཙང་བཟོ་བྱས་པ། གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་མི་རེའི་ཆ་སྙོམས་ཁ་གསབ་ཚད་གཞི་རྒྱལ་ཡོངས་ཀྱི་མཐོ་ཤོས་ཡིན་པ། གྲོང་ཁྱེར་དང་གྲོང་རྡལ་གྱི་བརྟག་དཔྱད་བྱེད་ཁོངས་ཀྱི་ལས་ཤོར་བསྡུར་ཚད་རྒྱལ་ཡོངས་ཀྱི་ཆུ་ཚད་དམའ་ཤོས་སུ་སླེབས་པ། མཚོ་རྩིས་སྨི་5000ཡན་གྱི་ཤང་དང་གྲོང་རྡལ་དེ་བཞིན་ཞིང་འབྲོག་ཁུལ་བཅས་ཚང་མར་དྲོད་རླངས་མཁོ་འདོན་ཐུབ་པ། “དམངས་འཚོའི་ལས་གཞི་ཆེན་པོ་བཅུ”ལག་བསྟར་བྱས་ཤིང་། དམངས་འཚོར་མ་དངུལ་འཇོག་གྲངས་རིམ་རྩིས་བྱས་ན་སྒོར་དུང་ཕྱུར་ཁྲི་1ལས་བརྒལ་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་ལག་ཐོག་ཡོང་འབབ་2021ལོའི་སྒོར་46503དང་སྒོར་16935ཡིན་པ་ནས་ཁག་སོ་སོར་སྒོར་58794དང་སྒོར་23184བར་འཕར་བ་བཅས་ཀྱི་ཐོག་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་སྔར་བས་ཆེ་བ་དང་། སྐྱིད་སྣང་སྔར་བས་རྒྱུན་མཐུད་ཐུབ་པ། བདེ་འཇགས་ཚོར་སྣང་སྔར་བས་འགན་སྲུང་ཐུབ་པ་བཅས་བྱུང་ཡོད།
འདས་ཟིན་པའི་ལོ་ལྔའི་རིང་། ཏང་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་གཞིར་བཟུང་། ང་ཚོས་ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ཀྱིས་ཁྲིད་སྟོན་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་དེ་ལས་དོན་ལ་སྐུལ་འདེད་གཏོང་བའི་རྩ་བའི་འགན་ལེན་དུ་བརྩིས་ནས་ཏང་ནང་ཁུལ་གྱི་གཅིག་སྡུད་སློབ་སྦྱོང་སློབ་གསོ་ཏན་ཏིག་སྤེལ་ཡོད། ཟ་མཁས་འཐུང་མཁས་བྱ་རྒྱུར་སྣེ་ཁྲིད་དེ་རང་སྐྱོང་ལྗོངས་ཀྱི་རིམ་པ་འདི་གའི་སྤྱིར་བཏང་རང་བཞིན་གྱི་གཏོང་སྒོ་ཉུང་འཕྲི་བྱས་པའི་བསྡུར་ཚད་ལོ་5བསྟུད་མར་5%ལས་བརྒལ་ཡོད། ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་རྒྱུན་མཐུད་གཏིང་ཟབ་བྱས་པ་དང་རང་རྟོགས་ངང་ཕྱོགས་གང་ཅིའི་ཐད་ཀྱི་ལྟ་སྐུལ་དང་ལེན་བྱས་ཏེ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ལ་ཁྲིམས་སྲོལ་གྲོས་གཞི་ཁག་31གྲོས་ཞིབ་གནང་རྒྱུར་ཕུལ་བ་དང་། སྲིད་གཞུང་གི་སྒྲིག་སྲོལ་ཁག་45དག་བཅོས་དང་བཟོ་འབེབས་བྱས་པ། མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་གྲོས་འཆར་1293དང་སྲིད་གྲོས་ཨུ་ཡོན་གྱི་གྲོས་གཞི་1584གཉེར་སྒྲུབ་བཅས་བྱས་ཡོད། སྲིད་གཞུང་ཁོངས་གཏོགས་ཀྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་ཏེ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ལ་རྒྱུན་རྣམ་ཅན་གྱི་ཡོ་བསྲང་དང་། སྤྱོད་ཚུལ་ལེགས་སྒྱུར་དང་དོན་འཁྱོལ་ལ་དམ་འཛིན་རྒྱུན་འཁྱོངས་ལྷོད་མེད་བྱས་པ། “འཕྲལ་སྒྲུབ་དོན་གཉེར”བྱ་རྒྱུ་དེ་སྲིད་གཞུང་གི་ལས་ཀའི་མངོན་གསལ་དོད་པའི་གཞི་མདངས་ཤིག་ཏུ་གྱུར་བ་བཅས་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།