གྲོང་ཁྱེར་མཛེས་སྡུག་ལྡན་ཚད་དེ་ས་བབ་མཐོ་ཚད་དང་གཅིག་མཚུངས་ཡིན་པ།
རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། ཧྲི་ཀྲང་བཅས་ཡིན་པའི་ཝང་ཆང་ལ་བཅར་འདྲི་ཞུས་པ།

འདི་ནི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། ཧྲི་ཀྲང་བཅས་ཡིན་པའི་ཝང་ཆང་ཡིན་པ།
ཉེ་ཆར། ལྷ་ས་གྲོང་ཁྱེར་གྱིས་2025ལོར་བསྒྲུབས་པའི་གཙོ་གནད་ལས་དོན་དང་། ཐོབ་པའི་གྲུབ་འབྲས། 2026ལོའི་ལས་ཀའི་འཆར་གཞི་བཅས་སྐོར་ལ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། ཧྲི་ཀྲང་བཅས་ཡིན་པའི་ཝང་ཆང་གིས་འདི་ག་ཚགས་པར་གྱི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་ཞུས་པ་རེད།
ཝང་ཆང་གིས། 2025ལོ་ནི་ལྷ་ས་འཕེལ་རྒྱས་འགྲོ་བའི་བརྒྱུད་རིམ་ཁྲོད་ཀྱི་སྤྱིར་བཏང་གཏན་ནས་མིན་པ་དང་ལམ་ཚད་རྡོ་རིང་གི་དོན་སྙིང་ཧ་ཅང་ཆེན་པོ་ལྡན་པའི་ལོ་ཞིག་རེད།
ཕྱོགས་བསྡུས་སྟོབས་ཤུགས་ལ་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་བྱུང་ཞིང་། ལོ་གཅིག་རིང་ལྷ་ས་གྲོང་ཁྱེར་གྱིས་ནུས་ཤུགས་ཡོད་རྒུས“དཔལ་འབྱོར་བརྩོན་ལེན་དང་འཕེལ་རྒྱས་ལ་དམ་འཛིན”བྱས་པ་བརྒྱུད། ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་སྟོང་གི་འགག་སྒོ་ཆེན་པོ་ལས་ཐོག་མར་བརྒལ་ནས་སྒོར་དུང་ཕྱུར་1090.99ཟིན་ཡོད།
གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པ་བརྒྱུད་རིམ་ལྡན་པའི་སྒོ་ནས་བསྐྱར་སྐྲུན་བྱུང་ཞིང་། ལོ་གཅིག་རིང་ཉིན་མཚན་མེད་པར་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད། ཉི་འོད་གྲོང་ཁྱེར་འདི་ཉིད་དེ་བས་མཛེས་སྡུག་ལྡན་པའི་ཉམས་འགྱུར་ཐོག་ནས་འཛམ་གླིང་སྐྱེ་བོ་ཀུན་གྱི་མིག་ལམ་དུ་མངོན་པ་དང་། ཀྲུང་དབྱང་སྨྱན་སྦྱོར་གྱིས“གྲོང་ཁྱེར་མཛེས་སྡུག་ལྡན་ཚད་དེ་ས་བབ་མཐོ་ཚད་དང་གཅིག་མཚུངས་རེད”ཅེས་གདེང་འཇོག་བྱས་པ། གྲོང་ཁྱེར་འཛུགས་སྐྲུན་གྱི་རྣམ་གྲངས་103གནད་འཁེལ་ཞིབ་ཚགས་ངང་ལག་བསྟར་བྱས་པ། མི་རབས་མང་པོས་རེ་སྒུག་ཆེན་པོ་བྱས་པའི་ལྕགས་པོ་རིའི་མཐུན་སྒྲིལ་སྤྱི་གླིང་མཛེས་སྡུག་ལྡན་པའི་ངང་ཀུན་གྱི་མིག་ལམ་དུ་མངོན་ཡོད།
ཐོན་ལས་གཞན་སྒྱུར་བྱས་ནས་གྲུབ་ཚུལ་རང་བཞིན་གྱི་རིམ་སྤོར་བྱུང་ཞིང་། “གཙོ་ཁྲིད་གཅིག་དང་། ཀ་རྟེན་ཆེན་པོ་གསུམ། ཐོན་ལས་ཆེན་པོ་དགུ”བཅས་ཀྱི་དེང་རབས་ཅན་གྱི་ཐོན་ལས་མ་ལག་ལ་དམིགས་པ་དང་། ཐོན་ལས་འཁོར་འབྲེལ་དང་། འཁོར་འབྲེལ་སྟོབས་ཆེན། འཁོར་འབྲེལ་འབྲེལ་མཐུད། འཁོར་འབྲེལ་ཁ་གསབ་བཅས་ལ་མཐོང་ཆེན་བྱས་ཏེ། ལྗོངས་ཡོངས་སུ་ལས་གཉེར་ཐོན་ལས་སྟོབས་ཆེའི་གྲོང་ཁྱེར་གྱི་མ་འཇོག་ཐེབས་རྩ་ཨ་མ་དང་ཡན་ལག་བཅས་པ་སྔོན་ལ་བཙུགས་ཡོད། ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་དཔྱིད་གསར་མཚན་ཚོགས་ལྷ་ས་ཡན་ལག་ཚོགས་ར་ལྷ་སར་གཟབ་རྒྱས་ངང་གཉེར་བ་དང་། རིག་གནས་ཡུལ་སྐོར་དུས་ཆེན་གྱི་སྐད་གྲགས་ཕྱོགས་བཞིར་ཆོད་པ། གོ་ལ་ཧྲིལ་པོའི་གྲངས་འཛིན་དཔལ་འབྱོར་ཚོགས་ཆེན་ལྷ་ས་མཐོ་རིམ་གླེང་སྟེགས་ལ་གཡུར་ཟའི་གྲུབ་འབྲས་ཐོབ་པ། རྒྱལ་ཁབ་རིམ་པའི་དྲ་སྦྲེལ་རྐང་འཛིན་ཐད་སྦྲེལ་ས་ཚིགས་ཕྱོགས་ཡོངས་ནས་འཛུགས་སྐྲུན་ཟིན་པ། “རྩིས་དར་གྲོང་ཁྱེར”གྱིས“གྲངས་དར་གྲོང་ཁྱེར”ལ་སྐུལ་འདེད་བཏང་བས་རྨང་གཞི་མཐུག་ལ་སྟོབས་དང་ལྡན་པར་གྱུར་ཡོད།
2026ལོ་ནི“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་འགོ་ཚུགས་པའི་ལོ་རེད་ལ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་པའི་འཕེལ་རིམ་ཁྲོད་ཀྱི་སྔ་མཐུད་ཕྱི་སྐྱོང་གི་འགག་རྩའི་ལོ་ཞིག་ཀྱང་རེད། ང་ཚོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བརྗོད་དོན་གཙོ་བོར་དམིགས་པ་དང་། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱེད་པ། “སྤྱི་འདོམས་བདུན”གྱི་བསམ་ཕྱོགས་གཞིར་བཟུང་། ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བ་དང་། ཞབས་ཞུ་དེ་རྒྱལ་ཡོངས་གཅིག་གྱུར་གྱི་ཁྲོམ་ར་ཆེན་པོར་མཉམ་འདྲེས་བྱེད་པ། ལས་ཞུགས་དང་། ཁེ་ལས། ཁྲོམ་ར། སྔོན་དཔག་བཅས་བརྟན་དུ་གཏོང་ཤུགས་ཆེ་རུ་བཏང་ནས་ལྷ་སའི་དོན་དངོས་དང་མཐུན་པའི་ནང་རྒྱས་རྣམ་པའི་འཕེལ་རྒྱས་ལམ་བུ་གཅིག་གཏོད་རྒྱུ་ཡིན།
འབྲེལ་ཡོད་གསར་འགྱུར།