དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཡུན་རིང་བདེ་འཁོད་ཀྱི་རྨང་གཞི་བརྟན་དུ་གཏོང་། མཐུན་སྒྲིལ་ཡར་བརྩོན་གྱི་སྟོབས་ཤུགས་གཅིག་ཏུ་སྒྲིལ།

    འཐུས་མི་དང་ཨུ་ཡོན་ཚོས་སྤྱི་ཚོགས་སྤྱི་ཡོངས་ཞི་མཐུན་བརྟན་ལྷིང་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པའི་སྐོར་ལ་གྲོས་བསྡུར་འཁྲུག་པོ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-02-01

    གཞི་རིམ་བཅོས་སྐྱོང་གི་ཉམས་མྱོང་གསར་པ་གླེང་བ་དང་། མི་རིགས་མཐུན་སྒྲིལ་གྱི་མི་སེམས་འགུལ་བའི་གཏམ་རྒྱུད་ཤོད་པ། དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ལ་རེ་སྒུག་ཆེན་པོ་བཅངས་ནས་བོད་རང་སྐྱོང་ལྗོངས་ཀྱི་ཚོགས་འདུ་གཉིས་ལ་ཞུགས་མཁན་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་སྲིད་གྲོས་ཀྱི་ཨུ་ཡོན་རྣམས་མཉམ་དུ་འཛོམས་ཡོད། ལོ་གཅིག་རིང་ཁོང་ཚོའི་མཐོང་ཐོས་མྱོང་གསུམ་དེ་གསོན་ཉམས་དོད་པའི་པར་རིས་སུ་གྲུབ་ནས་བོད་ཀྱི་སྤྱི་ཚོགས་སྤྱི་ཡོངས་ཞི་མཐུན་བརྟན་ལྷིང་གི་མི་སེམས་འགུལ་བའི་ལེའུ་བརྩམས་ཡོད།

    ཚོགས་འདུ་གཉིས་རིང་། ཇི་ལྟར་བྱས་ནས་ཡུན་རིང་བདེ་འཁོད་ཀྱི་རྨང་གཞི་བརྟན་དུ་གཏོང་བ་དང་མཐུན་སྒྲིལ་ཡར་བརྩོན་གྱི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་ཏེ། བོད་ཀྱི་ཆབ་སྲིད་ལྷིང་འཇགས་དང་། སྤྱི་ཚོགས་བརྟན་ལྷིང་། མི་རིགས་མཐུན་སྒྲིལ། ཆོས་ལུགས་ཞི་དུལ་བཅས་རྒྱུན་འཁྱོངས་བྱེད་རྒྱུ་དེ་འཐུས་མི་དང་ཨུ་ཡོན་ཚོས་འགན་སྒྲུབ་ཇུས་འབུལ་གྱི་ལྟེ་བའི་དོ་ཁུར་བྱ་ཡུལ་ཞིག་ཏུ་གྱུར་ཡོད།

    ལམ་ལུགས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་བརྟན་ལྷིང་གི་འགོག་སྲུང་འཛིང་རགས་བརྟན་དུ་བཏང་བ།

    ཁྲིམས་སྐྱོང་ནི་སྤྱི་ཚོགས་བརྟན་ལྷིང་གི་རྨང་རྡོ་ལྟ་བུ་ཡིན་ཞིང་། བོད་དུ་འཐུས་སྒོ་ཚང་བའི་བཅའ་ཁྲིམས་ལམ་ལུགས་དང་ནུས་ལྡན་གྱི་ལྟ་སྐུལ་ལག་བསྟར་བརྒྱུད་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་གི་རྨང་གཞི་ཉིན་རེ་བཞིན་བརྟན་དུ་ཕྱིན་ཡོད།

    རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྤྱི་ཚོགས་འཛུགས་སྐྲུན་ཨུ་ལྷན་གྱི་ཀྲུའུ་རེན་ཨུ་ཡོན་གཞོན་པ་ལིའུ་གཡོད་ཀྱིས“ང་ཚོས་ཁྲིམས་འཛུགས་ཀྱི་ཁྲིད་སྟོན་ནུས་པ་གང་ལེགས་བཏོན་ཏེ་2024ལོར་རྒྱལ་ཡོངས་ཀྱི་ཞིང་ཆེན་རིམ་པའི་ངོས་ནས《བོད་རང་སྐྱོང་ལྗོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡེ་ཁུལ་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བའི་སྲོལ་ཡིག》སྔོན་ལ་འདོན་རྒྱུར་སྐུལ་འདེད་བཏང་ནས་གཞི་རིམ་བཅོས་སྐྱོང་གི་ཆུ་ཚད་མཐོ་རུ་གཏོང་ཆེད་ཁྲིམས་སྐྱོང་གི་འགན་ལེན་བརྟན་པོ་བྱས་ཡོད ”ཅེས་ངོ་སྤྲོད་གནང་།

    བཅའ་ཁྲིམས་ཀྱི་གསོན་ཤུགས་ནི་ལག་ལེན་བསྟར་བ་དེ་ཡིན་ཞིང་། “ཤོག་ངོས”ཀྱི་དོན་ཚན་དག་འཚོ་བའི་ཁྲོད་ཀྱི་སྒྲིག་ལམ་དུ་ཇི་ལྟར་འགྱུར་བར་བྱེད་དགོས་སམ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྤྱི་ཚོགས་འཛུགས་སྐྲུན་ཨུ་ལྷན་གྱིས་གྲོས་ཞིབ་སྙན་ཞུར་ཉན་པ་དང་། ཁྲིམས་བསྟར་ཞིབ་བཤེར་བྱེད་པ། ཆེད་དོན་འདྲི་རྩད་བྱེད་པ། ཆེད་དོན་བརྟག་ཞིབ་བྱེད་པ་སོགས་ཀྱི་ལྟ་སྐུལ་གྱི་རྣམ་པ་སྣ་ཚོགས་བརྒྱུད་བཅའ་ཁྲིམས་ཀྱི་དོན་ཚན་དག“ཤོག་ངོས”ནས“དོན་དངོས”སུ་འགྱུར་བར་རྒྱུན་མཐུད་སྐུལ་འདེད་བཏང་ཡོད།

    གཞི་རིམ་དུ་ཁྲིམས་སྐྱོང་གི་སྙིང་དོན་མི་སེམས་ལ་གཏིང་ཟབ་ཟུག་ཡོད་ཅིང་། “གཞི་རིམ་གྱི་འཐུས་མི་ཞིག་ཡིན་པའི་ངོས་ནས་དུས་བདེ་བརྟན་ལྷིང་གི་སྤྱི་ཚོགས་ཁོར་ཡུག་ནི་ཡུལ་མི་ཚོ་བློ་བདེའི་ངང་འཚོ་བ་སྐྱེལ་བ་དང་གྲོང་ཚོ་འཕེལ་རྒྱས་གཏོང་བའི་རྩ་བའི་འགན་ལེན་ཞིག་ཡིན་པ་ངས་ཟབ་མོ་ཚོར་བྱུང” རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་འགོ་སྣེ་གྲོང་ཚོའི་སྤྱི་ཁྱབ་ཏང་ཀྲི་པུའི་ཧྲུའུ་ཅི་དང་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་བསྟན་འཛིན་ཚེ་བརྟན་གྱིས་ཁོང་ཚོའི་ལག་ལེན་མཉམ་སྤྱོད་བྱས་པ་སྟེ། “ང་ཚོས་དུས་རབས་གསར་པའི‘ཧྥེང་ཆའོ་ཉམས་མྱོང’མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བ་དང་། སྣེ་གདོང་ཆུས་ཀྱི‘གོམ་སྟབས་ལྔའི་བཅོས་ཐབས’ཀྱི་ལས་ཀའི་བྱེད་ཐབས་སྤྱད་དེ་འགལ་ཟླ་དང་རྩོད་གཞི་ཐག་གཅོད་བྱེད་ཀྱི་ཡོད”བྱེད་ཐབས་དེའི་གྲས་སུ“སྔོན་འགོག་དང་། ཐོག་མའི་བཅོས་ཐབས། བྱེད་ཐབས་བསྒྱུར་བ། ལྷན་འཛོམས་གྲོས་བསྡུར། བསྐྱར་གྲོས”བཅས་ཚུད་ཡོད་པ་དང་། ཁྲིམས་ལྟར་བྱ་བ་སྒྲུབ་པ་དང་། རྒྱུ་མཚན་བཤད་ནས་མི་སེམས་འགུག་པ། བརྩེ་བར་བརྟེན་ནས་འབྲེལ་གཏུག་བྱེད་པ་བཅས་བྱས་ཏེ་མངོན་མེད་རྐྱེན་ངན་མང་པོ་ཞིག་འབྱུང་རྩ་ནས་བསལ་ནས་ཞི་མཐུན་བརྟན་ལྷིང་གི་རྨང་གཞི་གཞི་རིམ་དུ་སྔར་བས་བརྟན་དུ་འགྲོ་ཐུབ་པ་བྱས་ཡོད།

    སྤུན་ཉེ་འཆམ་མཐུན་ལ་བརྟེན་ནས་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་བ།

    ཇོ་མོ་གླང་མའི་འདབས་སུ་གྲལ་སྟར་འགྲིག་པའི་བོད་བཟོའི་སྡོད་ཁང་གསར་པ་དག་འགྱིང་ངེར་གནས་པ་དེ་དག་གིས་བསྐྱར་སྐྲུན་དང་མཐུན་སྒྲིལ་གྱི་གཏམ་བཟང་མཚོན་གྱི་ཡོད།

    2025ལོའི་ལོ་འགོར་གཞིས་རྩེའི་དིང་རིར་ས་ཡོམ་རིམ་པ་6.8བརྒྱབ་ནས་ལྷིང་འཇགས་ཀྱི་ཁྱིམ་གཞིས་དག་ལ་གཏོར་སྐྱོན་ཆེན་པོ་བཏང་ཡོད། དེ་མ་ཐག་ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བའི་མི་རིགས་ཁག་གི་བུ་ཕྲུག་ཚོས་ལག་གདང་དམ་པོར་སྦྲེལ་ཏེ་རྔུལ་ཆུ་དང་བརྩེ་བ་ཟབ་མོར་བརྟེན་ནས་ས་མཐོར་མི་རིགས་མཐུན་སྒྲིལ་དང་ལྟ་རེས་སྐྱོང་རེས་ཀྱི་མི་སེམས་འགུལ་བའི་གཏམ་རྒྱུད་བརྩམས་ཡོད།

    “ཏང་གི་ཐུགས་ཁུར་དེ་ཡར་ཀླུང་གཙང་པོའི་ཆུ་རྒྱུན་ལྟར་རིང་བ་དང་མི་རིགས་མཐུན་སྒྲིལ་དེ་རི་བོ་ཇོ་མོ་གླང་མ་ལས་བརྟན་པ་ཡོད། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་གཞིས་རྩེ་གྲོང་ཁྱེར་ས་སྐྱ་རྫོང་གཞོང་སྨད་ཤང་གི་ལས་བྱེད་པ་ཕུན་ཚོགས་ཀྱིས“དུས་ཐུང་ལོ་གཅིག་ནང་ཁྱིམ་གཞིས་ཀྱི་རྣམ་པ་གསར་པ་གསར་རྐྱང་དུ་གྱུར་སོང་། སི་ཁྲོན་དང་། ཀན་སུའུ། མཚོ་སྔོན། ཡུན་ནན་སོགས་ས་ཆ་ནས་ཡོང་བའི་རྒྱ་རིགས་དང་། བོད་རིགས། ཧུད་རིགས། དབྱིས་རིགས་སོགས་མི་རིགས་20ལྷག་ཙམ་གྱི་འཛུགས་སྐྲུན་པ་ཚོས་གྲང་ངར་ཁྲོད་ཕྱིར་བཤོལ་སྤུ་ཙམ་ཡང་མི་བྱེད་པའི་སྙིང་སྟོབས་བརྗེད་མི་སྲིད་ལ་ས་གནས་དེ་གའི་མང་ཚོགས་ཀྱིས་ཨར་ལས་པ་ཚོར་ཚ་སོབ་སོབ་ཀྱི་ཇ་མངར་མོ་བླུགས་པའི་མི་སེམས་འགུལ་བའི་སྐད་ཅིག་མ་དེའང་བརྗེད་མི་སྲིད་ཅེས་སེམས་འགུལ་ཐེབས་བཞིན་དུ་གསུངས།

    དུས་བདེའི་སྤུས་ཚད་མཐོ་རུ་བཏང་བ།

    ཡུན་རིང་བདེ་འཁོད་ཡོང་བ་བྱེད་པར་སྤྱི་ཚོགས་ཁྱབ་ཁོངས་ཁག་གིས་མཉམ་དུ་ནུས་ཤུགས་འདོན་པ་དང་དོ་དམ་ཞིབ་ཚགས་བྱེད་དགོས།

    ཆབ་མདོ་གྲོང་ཁྱེར་གནམ་གཤིས་ཅུས་ཀྱི་འགོ་འཛིན་སྒྲོལ་གཡང་གིས་ཉེ་བའི་ལོ་ཤས་རིང་ཆབ་མདོ་གྲོང་ཁྱེར་གནམ་གཤིས་ཅུས་ཀྱིས་མི་དམངས་དང་ཚེ་སྲོག་གོང་དུ་བཀུར་བ་མཐའ་འཁྱོངས་བྱས་ཏེ་སྤུས་ཚད་མཐོ་བའི་གནམ་གཤིས་ཞབས་ཞུས་ཆུ་ཚད་དེ་བས་མཐོ་བའི་དུས་བདེའི་བོད་ལྗོངས་འཛུགས་སྐྲུན་ལ་རམ་འདེགས་བྱས་ཡོད། བདེ་འཇགས་འགན་ལེན་ཐད་ཆབ་མདོ་གྲོང་ཁྱེར་གྱིས་ལྗོངས་ཡོངས་ཀྱི་སྔོན་དུ“དང་ལེན་གསུམ”གྱི་གནམ་གཤིས་ཞབས་ཞུའི་ལས་ཀའི་ལམ་སྲོལ་བཙུགས་ཏེ་གནམ་གཤིས་སྔོན་བརྡའི་ཆ་འཕྲིན་སྣེ་ཁྲིད་དུ་བྱེད་པའི་འཕྲལ་སྡོམ་མཉམ་འགུལ་ལམ་སྲོལ་ནུས་ཆེའི་ངང་འཁོར་སྐྱོད་ཀྱིས་ཉམས་མྱོང་དེ་ལྗོངས་ཡོངས་སུ་ཁྱབ་གདལ་བཏང་བ་རེད། བཅོས་སྐྱོང་ལ་སྐུལ་འདེད་གཏོང་བའི་ཐད་གནམ་གཤིས་ཀྱི་དོན་ཚན་ས་གནས་ཀྱི་ཁྲིམས་འཛུགས་དང་རྣམ་གྲངས་གལ་ཆེན་ལ་ཞིབ་མཆན་འགོད་པའི་བརྒྱུད་རིམ་ནང་འཇུག་རྒྱུར་སྐུལ་འདེད་བཏང་སྟེ་གནམ་གཤིས་ཀྱི་གྲངས་གཞིར་བརྟེན་ནས་སྲིད་གཞུང་གིས་ཚན་རིག་དང་མཐུན་པའི་ཇུས་ཐག་གཅོད་རྒྱུར་མཐུན་རྐྱེན་སྦྱར་ནས་སྤྱི་ཚོགས་བཅོས་སྐྱོང་གི་དེང་རབས་ཅན་དང་ཞིབ་ཚགས་ཅན་གྱི་ཆུ་ཚད་མཐོ་རུ་བཏང་ཡོད་ཅེས་ངོ་སྤྲོད་གནང་།

    ཚོགས་ཞུགས་འཐུས་མི་དང་ཨུ་ཡོན་ཚོས་ཡིད་ཆེས་ཀྱིས་ཁེངས་བཞིན་དུ་རང་འགན་གཙང་སྒྲུབ་བྱས་ཏེ་ཐོག་མཐའ་བར་གསུམ་དུ་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་རྩ་བའི་གཞི་འཛིན་སར་བྱེད་པ་དང་བརྟན་ལྷིང་སྲུང་སྐྱོང་བྱེད་རྒྱུ་དེ་ལས་འགན་ཨང་དང་པོར་བརྩི་རྒྱུ་མཐའ་འཁྱོངས་ཀྱིས་བློ་བརྟན་འགྱུར་མེད་ངང་རྒྱལ་ཁབ་ཀྱི་སྤྱི་ཡོངས་ཀྱི་བདེ་འཇགས་ལྟ་བ་ལག་བསྟར་བྱས་ཏེ་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་དང་མཉམ་དུ་བསམ་བློ་དང་བརྩེ་སེམས་ལ་བརྟེན་ནས་གངས་ལྗོངས་ས་མཐོའི་ཞི་མཐུན་དང་བདེ་འཇགས་སྲུང་སྐྱོང་ཡག་པོ་བྱེད་ཀྱི་ཡིན་ཞེས་གསུངས།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།