དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་བཞི་པས་མུ་མཐུད་ཚོགས་ཆུང་ཁག་བགོས་ཀྱིས་གྲོས་བསྡུར་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-02-01

    ཚེས་31ཉིན་གྱི་ཕྱི་དྲོར། རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་བཞི་པར་ཞུགས་མཁན་སྲིད་གྲོས་ཀྱི་ཨུ་ཡོན་ཚོས་མུ་མཐུད་ཚོགས་ཆུང་ཁག་བགོས་ཀྱི་གྲོས་བསྡུར་ནང་ཞུགས་ནས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་དང་། “ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་རྩ་གནད(འཆར་ཟིན) འཆར་གཞིའི་སྙན་སྒྲོན། སྔོན་རྩིས་སྙན་སྒྲོན། 《བོད་རང་སྐྱོང་ལྗོངས་ཀྱི་ཆོས་ལུགས་ལས་དོན་སྲོལ་ཡིག(འཆར་ཟིན)》སོགས་ལ་གྲོས་བསྡུར་གནང་བ་མ་ཟད། འབྲེལ་ཡོད་མི་དོན་དོན་གནད་ལ་ནང་མོལ་ཡང་གནང་བ་རེད།

    ཚོགས་ཆུང་ཁག་གི་གྲོས་བསྡུར་བྱ་ཡུལ་དུ་ཨུ་ཡོན་ཚོས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་གྱི་ནང་དོན་ལ་དམ་པོར་དམིགས་ཏེ། རང་འཁྲིའི་ལས་ཀ་དང་ཟུང་འབྲེལ་གྱིས་ངོས་འཛིན་གླེང་བ་དང་། མྱོང་ཚོར་བརྗོད་པ། གྲོས་འགོ་འདོན་པ། རེ་འདོད་གླེང་བ་བཅས་གནང་བས་ཧ་ཅང་འཁྲུག་ཆ་དོད་པོ་ཡོད་པ་རེད། ཚང་མས་ད་ལོའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང“ལོ་ལྔ་ཚན་བཅུ་བཞི་པའི”འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་ཕྱོགས་སྡོམ་དང་2025ལོའི་ལས་དོན་ཁག་དངོས་ཐོག་བདེན་འཚོལ་ཡོད་པ་དང་། “ལོ་ལྔ་ཚན་བཅོ་ལྔ་པའི”རིང་གི་དམིགས་ཚད་དང་ལས་འགན་གཙོ་བོ་འཆར་འགོད་བྱས་པ་མི་སེམས་ལ་སྐུལ་མ་ཐེབས་པ། 2026ལོའི་གཙོ་གནད་ལས་དོན་བཀོད་སྒྲིག་དངོས་སྒྲུབ་གནད་སྨིན་ཡོད་པས། དེ་ནི་གདེང་ཚོད་ཀྱིས་ཁེངས་པ་དང་། ཆོད་སེམས་བརྟན་པ། དམངས་སེམས་གཅིག་སྒྲིལ། མི་སེམས་ལ་སྐུལ་མ་ཐེབས་པ་བཅས་ཀྱི་སྙན་སྒྲོན་ཡག་པོ་ཞིག་རེད། “ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་རྩ་གནད(འཆར་ཟིན)ཀྱིས་རང་ལྗོངས་ཀྱི་དོན་དངོས་ལ་གཞི་ཚུགས་ནས་བརྒྱུད་རིམ་ལྡན་པའི་བསམ་བློ་མཐའ་འཁྱོངས་དང་ཐབས་ཇུས་དམངས་ལ་འདྲི་བར་སྣང་ཆེན་བྱེད་པ་དང་། འབྱུང་འགྱུར་ལོ་ལྔའི་འཕེལ་རྒྱས་འཆར་འགོད་ཚན་རིག་དང་མཐུན་པའི་སྒོ་ནས་འགོད་པ། དམིགས་ཚད་དང་ཐབས་ལམ་ཁ་གསལ་བས་མཛུབ་ཁྲིད་རང་བཞིན་དང་། དམིགས་སའི་རང་བཞིན། བཀོལ་སྤྱོད་ཆོག་པའི་རང་བཞིན་བཅས་ཧ་ཅང་ཆེན་པོ་ལྡན་ཡོད་པའི་ངོས་འཛིན་གཅིག་མཐུན་གནང་ཡོད།

    “ད་ལོའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་དེ་ཕན་འབྲས་དངོས་དོན་གཉེར་དང་། མང་ཚོགས་དང་འབྲེལ་འདྲིས་ཆེ་བ། དམངས་སེམས་གཅིག་ཏུ་འགྲིལ་བ། ངར་ཤུགས་འཕེལ་བ་བཅས་ཡོད་པས‘ལོ་ལྔ་ཚན་བཅོ་ལྔ་པའི’འགོ་ཡག་པོ་ཞིག་འཛུགས་རྒྱུར་འཆར་གཞི་བཀོད་དེ་མི་རྣམས་སྙིང་སྟོབས་རབ་འཕེལ་བྱུང་ཡོད” རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་བོད་ལྗོངས་ཞིང་འབྲོག་སློབ་ཆེན་ནགས་ཚལ་དང་རྩྭ་ཐང་སློབ་གླིང་གི་ཡོན་ཀྲང་སུན་ལེ་ཡིས“གོམ་སྟབས་རྗེས་མར། ང་ཚོས་སློབ་གྲྭ་ཡོངས་ཀྱི་ཐོན་ཁུངས་བསྡུ་སྒྲིལ་བྱེད་པ་དང་། རིག་ཚན་འཛུགས་སྐྱོང་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། རབ་འབྱམས་པ་དང་འབུམ་རམས་པའི་ཤེས་ལྡན་པ་གསོ་སྐྱོང་མ་ལག་རྒྱུན་མཐུད་འཐུས་སྒོ་ཚང་དུ་གཏོང་བ། ས་མཐོའི་ཁྱད་ཆོས་མངོན་གསལ་དོད་པ་དང་རྒྱལ་ནང་དུ་སྐད་གྲགས་ཡོད་པའི་ཆུ་ཚད་མཐོ་བའི་ཉེར་སྤྱོད་རྣམ་པའི་སློབ་ཆེན་སྐྲུན་པ་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་སྐྲུན་ཆེད་སྤུས་ཚད་དེ་བས་མཐོ་བའི་ཤེས་ལྡན་པའི་འགན་ལེན་དང་། རིག་སྟོབས་ཀྱི་རྒྱབ་སྐྱོར། ཚན་རྩལ་གྱི་འདེགས་སྐྱོར་བཅས་བྱེད་ཀྱི་ཡིན”ཞེས་གསུངས་པ་རེད།

    2026ལོ་ནི“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་འགོ་འཛུགས་ལོ་ཞིག་ཡིན་ལ། འཛིན་སྐྱོང་སྤེལ་གསུམ་དང་སྔ་འཛིན་ཕྱི་གཏོད་ཀྱི་འགག་རྩའི་ལོ་ཞིག་ཀྱང་རེད། ཨུ་ཡོན་ཚོས་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པར། འགན་འཁྲི་ཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེན་པོར་བརྟེན་ཏེ་སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་བ་དང་། ཆབ་སྲིད་ཀྱི་འགན་འཁྲི་བློ་ལ་བརྟན་པོར་འཆང་བ། ཏང་གི་འགོ་ཁྲིད་དང་། འཐབ་ཕྱོགས་གཅིག་གྱུར། གྲོས་མོལ་དམངས་གཙོ་བཅས་ཟུང་འབྲེལ་དམ་ཟབ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། “ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”གི་སྤྱིའི་བླང་བྱ་དོན་འཁྱོལ་བྱེད་པ། སྲིད་གྲོས་ཀྱི་ཆེད་དོན་གྲོས་མོལ་སྒྲིག་གཞིའི་ནུས་པ་གང་ལེགས་འདོན་པ་བཅས་བྱས་ནས། “ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཡག་པོ་འཛུགས་པ་དང་གོམ་པ་ཡག་པོ་སྤོ་བ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལག་ལེན་ལ་སྐུལ་འདེད་གཏོང་ཆེད་མི་སེམས་དང་། ཐུན་མོང་གི་ངོས་འཛིན། བློ་གྲོས། སྟོབས་ཤུགས་བཅས་གཅིག་སྒྲིལ་བྱེད་ཀྱི་ཡིན་ཞེས་གསུངས་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།