《བདེན་འཚོལ》དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་བཀོད་པ།
ཀྲུང་གོའི་ཁྱད་ཆོས་ཀྱི་དངུལ་རྩ་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་ནས་དངུལ་རྩའི་རྒྱལ་ཁབ་སྟོབས་ཆེན་སྐྲུན་དགོས།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་31ཉིན་གློག་འཕྲིན་འབྱོར་གསལ། ཟླ་2ཚེས་1ཉིན་དཔེ་སྐྲུན་བྱས་པའི《བདེན་འཚོལ》དུས་དེབ་འདོན་ཐེངས་གསུམ་པའི་ཐོག ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་ཏེ། 《ཀྲུང་གོའི་ཁྱད་ཆོས་ཀྱི་དངུལ་རྩ་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་ནས་དངུལ་རྩའི་རྒྱལ་ཁབ་སྟོབས་ཆེན་སྐྲུན་དགོས》ཞེས་པ་བཀོད་ཡོད་པ་རེད།
རྩོམ་ཡིག་ནང་ནན་བཤད་བྱས་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ང་ཚོས་དུས་རབས་གསར་པའི་དངུལ་རྩ་འཕེལ་རྒྱས་ཀྱི་ཆོས་ཉིད་འཚོལ་ཞིབ་ཧུར་ཐག་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དངུལ་རྩའི་ངོ་བོར་ངོས་འཛིན་ཟམ་མི་ཆད་པར་བྱེད་ཟབ་ཏུ་གཏོང་བ་དང་། དངུལ་རྩའི་ལག་ལེན་གསར་གཏོད་དང་། རིགས་པའི་གཞུང་ལུགས་གསར་གཏོད། ལམ་ལུགས་གསར་གཏོད་བཅས་ལ་སྐུལ་འདེད་ཟམ་མི་ཆད་པར་བཏང་བར་བརྟེན། རྩ་ཆེའི་ཉམས་མྱོང་གསོག་ཐུབ་སྟེ་ཀྲུང་གོའི་ཁྱད་ཆོས་ཀྱི་དངུལ་རྩ་འཕེལ་རྒྱས་ཀྱི་ལམ་བུར་རིམ་བཞིན་བསྐྱོད་ཡོད། དང་པོ། ཏང་ཀྲུང་དབྱང་གིས་དངུལ་རྩའི་ལས་དོན་ལ་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་བྱེད་པ་མཐའ་འཁྱོངས་དང་། གཉིས་པ། མི་དམངས་ལྟེ་བར་འཛིན་པའི་རིན་ཐང་གི་ལྟ་བ་འཛིན་ཕྱོགས་མཐའ་འཁྱོངས། གསུམ་པ། དངུལ་རྩས་དངོས་ཚན་དཔལ་འབྱོར་ལ་ཞབས་འདེགས་ཞུ་བ་རྩ་བའི་དམིགས་ཡུལ་དུ་འཛིན་རྒྱུ་མཐའ་འཁྱོངས། བཞི་པ། ཉེན་ཁ་འགོག་ཟོན་བྱ་རྒྱུ་དེ་དངུལ་རྩའི་ལས་དོན་གྱི་ཇི་སྲིད་བར་གྱི་བརྗོད་དོན་གཙོ་བོར་བྱེད་པ་མཐའ་འཁྱོངས། ལྔ་པ། ཁྲོམ་ར་ཅན་དང་ཁྲིམས་སྐྱོང་ཅན་གྱི་བགྲོད་ལམ་ཐོག་དངུལ་རྩའི་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་མཐའ་འཁྱོངས། དྲུག་པ། དངུལ་རྩའི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ཟབ་ཏུ་གཏོང་བ་མཐའ་འཁྱོངས། བདུན་པ། དངུལ་རྩའི་སྒོ་དབྱེ་དང་བདེ་འཇགས་ལ་སྤྱི་འདོམས་མཐའ་འཁྱོངས། བརྒྱད་པ། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བཅས་བྱེད་དགོས། གོང་གསལ་གྱི་དོན་ཚན་དེ་དག་ནང་དུས་རབས་གསར་པ་དང་རྒྱང་ལམ་གསར་པར་དངུལ་རྩའི་ལས་དོན་ལ་ལྟ་ཚུལ་ཇི་ལྟར་འཛིན་དགོས་མིན་དང་ཇི་ལྟར་སྒྲུབ་དགོས་ལུགས་ཁ་གསལ་བཏོན་ཡོད། དེ་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་དངུལ་རྩའི་འཕེལ་རྒྱས་ལམ་བུའི་གཞི་རྩའི་ལངས་ཕྱོགས་དང་། ལྟ་བ། བྱེད་ཐབས་བཅས་མཚོན་པའི་དཀྱུས་གཅིག་ཏུ་འབྲེལ་བའི་གོང་བུ་ཞིག་རེད། ཀྲུང་གོའི་ཁྱད་ཆོས་ཀྱི་དངུལ་རྩ་འཕེལ་རྒྱས་གཏོང་བའི་ལམ་བུར་དེང་རབས་དངུལ་རྩ་འཕེལ་རྒྱས་གཏོང་བའི་ཕྱི་རོལ་ཡུལ་གྱི་ཆོས་ཉིད་ལ་བརྩི་སྲུང་ཞུས་པ་མ་ཟད། རང་རྒྱལ་གྱི་རྒྱལ་བབ་དང་འཚམ་པའི་ཁྱད་ཆོས་མངོན་གསལ་དོད་པོ་ཡོད་པས་ནུབ་ཕྱོགས་ཀྱི་དངུལ་རྩའི་རྣམ་པ་དང་ངོ་བོའི་ཐོག་གི་ཁྱད་པར་ཡོད། གདེང་ཚོད་བརྟན་དུ་བཏང་ནས་ལག་ལེན་ཁྲོད་མུ་མཐུད་འཚོལ་ཞིབ་དང་འཐུས་སྒོ་ཚང་དུ་བཏང་སྟེ་ལམ་འདིར་ཇི་ཙམ་བསྐྱོད་པ་དེ་ཙམ་གྱིས་རྒྱ་ཆེར་གཏོང་དགོས།
རྩོམ་ཡིག་ནང་བསྟན་དོན། དངུལ་རྩའི་རྒྱལ་ཁབ་སྟོབས་ཆེན་ནི་དཔལ་འབྱོར་གྱི་རྨང་གཞི་སྟོབས་ཆེན་ལ་གཞིགས་ནས་འཛམ་གླིང་སྔོན་ཐོན་གྱི་དཔལ་འབྱོར་གྱི་དངོས་ཡོད་སྟོབས་ཤུགས་དང་། ཚན་རྩལ་གྱི་དངོས་ཡོད་སྟོབས་ཤུགས། ཕྱོགས་བསྡུས་རྒྱལ་སྟོབས་བཅས་ལྡན་དགོས་པ་མ་ཟད། འགག་རྩའི་ལྟེ་བའི་དངུལ་རྩའི་རྒྱུ་རྐྱེན་རབ་དང་རིམ་པ་ཡང་ལྡན་དགོས། གཅིག་ནས་དངུལ་ལོར་འབོར་ཆེན་ཡོད་ཅིང་། རྒྱལ་སྤྱིའི་ཚོང་དོན་མ་འཇོག་དང་ཕྱི་དངུལ་ཁྲོམ་རར་རྒྱ་ཁྱབ་ཏུ་བཀོལ་སྤྱོད་བྱས་ནས་གོ་ལ་ཧྲིལ་པོའི་གསོག་འཇོག་དངུལ་ལོར་གྱི་གནས་བབ་ལྡན་པ་དང་། གཉིས་ནས་ཀྲུང་དབྱང་དངུལ་ཁང་སྟོབས་ལྡན་ཡོད་ཅིང་། དངུལ་ལོར་སྲིད་ཇུས་སྙོམས་སྒྲིག་དང་གཞི་ཆེའི་གཟབ་ནན་དོ་དམ་ལེགས་པར་བྱེད་པ་དང་། བརྒྱུད་རིམ་རང་བཞིན་གྱི་ཉེན་ཁ་དུས་ཐོག་དང་ནུས་ལྡན་ངང་སྔོན་འགོག་དང་ཐག་གཅོད་བྱེད་པའི་ནུས་པ་ལྡན་པ། གསུམ་ནས་དངུལ་རྩའི་སྒྲིག་གཞི་སྟོབས་ལྡན་ཡོད་ཅིང་། གཉེར་སྐྱོང་ལས་ཆོད་ཆེ་བ་དང་། ཉེན་ཁ་འགོག་ནུས་ཆེ་བ། རིགས་ཆ་ཚང་བ་བཅས་ཡོད་པས་གོ་ལ་ཧྲིལ་པོའི་བཀོད་སྒྲིག་ནུས་པ་དང་རྒྱལ་སྤྱིའི་འགྲན་རྩོད་ནུས་པ་ལྡན་ཡོད། བཞི་ནས་རྒྱལ་སྤྱིའི་དངུལ་རྩའི་ལྟེ་གནས་སྟོབས་ལྡན་ཡོད་ཅིང་། གོ་ལ་ཧྲིལ་པོའི་མ་འཇོག་མཁན་གྱི་ཡིད་དབང་འགུག་ཐུབ་པ་དང་རྒྱལ་སྤྱིའི་རིན་གོང་གཏན་འཁེལ་མ་ལག་ལ་ཤུགས་རྐྱེན་ཐེབས་ཐུབ་པ། ལྔ་ནས་དངུལ་རྩའི་ལྟ་འདོམས་སྟོབས་ལྡན་ཡོད་ཅིང་། དངུལ་རྩའི་ཁྲིམས་སྐྱོང་འཐུས་སྒོ་ཚང་བས་རྒྱལ་སྤྱིའི་དངུལ་རྩའི་སྒྲིག་སྲོལ་བཟོ་བའི་ཁྲོད་སྐད་ཆ་ཤོད་དབང་དང་ཤུགས་རྐྱེན་ཐེབས་ཤུགས་སྟོབས་ལྡན་ཡོད། དྲུག་ནས་དངུལ་རྩའི་ཤེས་ལྡན་པའི་དཔུང་ཁག་སྟོབས་ཆེན་ལྡན་ཡོད།
རྩོམ་ཡིག་ནང་བསྟན་དོན། དངུལ་རྩའི་རྒྱལ་ཁབ་སྟོབས་ཆེན་སྐྲུན་པར་ངེས་པར་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་དེང་རབས་དངུལ་རྩའི་མ་ལག་གང་མགྱོགས་འཛུགས་དགོས་པ་སྟེ། གཅིག་ནི་ཚན་རིག་དང་མཐུན་པའི་དངུལ་རྩའི་སྙོམས་སྒྲིག་མ་ལག་དང་། གཉིས་ནི་གྲུབ་ཆ་ལུགས་མཐུན་གྱི་དངུལ་རྩའི་ཁྲོམ་རའི་མ་ལག གསུམ་ནི་ལས་བགོས་མཉམ་ལས་ཀྱི་དངུལ་རྩའི་སྒྲིག་གཞིའི་མ་ལག བཞི་ནི་འཐུས་ཚང་ནུས་ལྡན་གྱི་དངུལ་རྩའི་ལྟ་འདོམས་མ་ལག ལྔ་ནི་སྣ་མང་ཅན་གྱི་ཆེད་ལས་རང་བཞིན་གྱི་དངུལ་རྩའི་ཐོན་རྫས་དང་ཞབས་ཞུའི་མ་ལག དྲུག་ནི་རང་བདག་ཚོད་འཛིན་དང་བདེ་འཇགས་ནུས་ཆེའི་དངུལ་རྩའི་རྨང་གཞིའི་སྒྲིག་བཀོད་མ་ལག་བཅས་ཡིན།
རྩོམ་ཡིག་ནང་བསྟན་དོན། དངུལ་རྩའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་དངུལ་རྩའི་རྒྱལ་ཁབ་སྟོབས་ཆེན་སྐྲུན་པར་ཁྲིམས་སྐྱོང་དང་སྤྱོད་སྐྱོང་ཕན་ཚུན་ཟུང་འབྲེལ་མཐའ་འཁྱོངས་ཀྱིས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་ཤུགས་ཆེན་གཏོང་བ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་དངུལ་རྩའི་རིག་གནས་སྐྱེད་སྲིང་ཧུར་ཐག་བྱེད་དགོས་པ་སྟེ། གཅིག་ནས་གཞུང་དྲང་དང་ཁ་དན་ཚིག་གནས་བྱེད་པ་ལས་མཐའ་ཚད་ལས་བརྒལ་མི་རུང་བ་དང་། གཉིས་ནས་དྲང་བདེན་ལ་བརྟེན་ནས་ཁེ་ཕན་དོན་གཉེར་བྱེད་པ་ལས་ཁེ་བཟང་ཁོ་ནར་རྔམ་མི་རུང་བ། གསུམ་ནས་བརྟན་པོ་དང་གཟབ་ནན་བྱེད་པ་ལས་འཕྲལ་ཕན་འཕྲལ་གཉེར་བྱེད་མི་རུང་བ། བཞི་ནས་གཞུང་འཁྱོངས་གསར་འབྱེད་བྱེད་པ་ལས་དོན་དངོས་དང་ཁ་བྲལ་མི་རུང་བ། ལྔ་ནས་ཁྲིམས་དང་སྒྲིག་སྲོལ་དང་མཐུན་པར་བྱེད་པ་ལས་རང་སྣང་གང་ཤར་བྱེད་མི་རུང་བ་བཅས་སོ།
འབྲེལ་ཡོད་གསར་འགྱུར།