ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མཉམ་སྡེབ་སློབ་སྦྱོང་ ཐེངས་ཉེར་བཞི་པའི་ཐོག་ནན་བཤད་གནང་དོན།
དགེ་མཚན་ཆེ་རིགས་འདོན་པ་དང་བརྟན་ཐོག་ཡར་འཕེལ་མཐའ་འཁྱོངས་བྱས་ཏེ་རང་རྒྱལ་གྱི་འབྱུང་འགྱུར་ཐོན་ལས་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་ཚད་བརྒལ་གསར་པ་ཡོང་བར་སྐུལ་འདེད་གཏོང་དགོས།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་31ཉིན་གློག་འཕྲིན་འབྱོར་གསལ། ཟླ་1ཚེས་30ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་འབྱུང་འགྱུར་ཐོན་ལས་སྔོན་ཚུད་ནས་བཀོད་སྒྲིག་དང་འཕེལ་རྒྱས་གཏོང་རྒྱུའི་སྐོར་ལ་མཉམ་སྡེབ་སློབ་སྦྱོང་ཐེངས་ཉེར་བཞི་པ་བྱས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སློབ་སྦྱོང་གཙོ་སྐྱོང་གནང་སྐབས་ནན་བཤད་གནང་དོན། རེས་སྐོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་མྱུར་པོ་བྱུང་བ་དང་ལག་རྩལ་གསར་ཤོས་རྒྱུན་ཆད་མེད་པར་ཐོན་པ་དེས་འབྱུང་འགྱུར་ཐོན་ལས་མྱུར་པོ་དར་བར་ཁྲིད་སྟོན་དང་འདེགས་སྐྱོར་བྱེད་བཞིན་ཡོད། རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་སྐུལ་འདེད་གཏོང་བའི་འཐབ་ཇུས་ཀྱི་མཐོ་ཚད་ནས་དངོས་ཡོད་ཀྱི་ཆ་རྐྱེན་ལ་གཞི་ཚུགས་པ་དང་། དགེ་མཚན་ཆེ་རིགས་འདོན་པ། བརྟན་ཐོག་ཡར་འཕེལ་དང་སྐས་ཚད་སྐྱེད་སྲིང་མཐའ་འཁྱོངས་བྱས་ཏེ། རང་རྒྱལ་གྱི་འབྱུང་འགྱུར་ཐོན་ལས་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་ཚད་བརྒལ་གསར་པ་ཡོང་བར་སྐུལ་འདེད་གཏོང་དགོས།
ཀྲུང་གོ་ཆ་འཕྲིན་འཕྲིན་གཏོང་ཞིབ་འཇུག་ཁང་གི་བློ་མཐུན་ཡུས་ཞའོ་ཧུའེ་ཡིས་གནད་དོན་དེའི་ཐད་གསལ་འགྲེལ་བྱས་ནས་ལས་ཀའི་གྲོས་འགོ་བཏོན་ཞིང་། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ཚོས་གསལ་འགྲེལ་ནན་ཏན་གསན་ནས་གྲོས་བསྡུར་གནང་བ་རེད།
ཞི་ཅིན་ཕིང་གིས་གསལ་འགྲེལ་དང་གྲོས་བསྡུར་གསན་རྗེས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས། འབྱུང་འགྱུར་ཐོན་ལས་སྐྱེད་སྲིང་དང་འཕེལ་རྒྱས་གཏོང་བ་དེ་ཚན་རྩལ་དང་ཐོན་ལས་ཀྱི་མཐོ་ས་བཟུང་བ་དང་འཕེལ་རྒྱས་ཀྱི་རང་འགུལ་དབང་ཆར་སྟངས་འཛིན་བྱེད་པ། ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བ་དང་དེང་རབས་ཅན་གྱི་ཐོན་ལས་མ་ལག་སྐྲུན་པ། མི་དམངས་ཀྱི་འཚོ་བའི་སྤུས་ཚད་མཐོ་རུ་གཏོང་བ་དང་མིའི་ཕྱོགས་ཡོངས་ཀྱི་འཕེལ་རྒྱས་དང་སྤྱི་ཚོགས་ཕྱོགས་ཡོངས་ནས་ཡར་ཐོན་ཡོང་བར་སྐུལ་འདེད་གཏོང་བ་བཅས་ཚང་མར་དོན་སྙིང་གལ་ཆེན་ལྡན་ཡོད། ཉེ་བའི་ལོ་ཤས་རིང་། ཏང་ཀྲུང་དབྱང་གིས་ཚད་མཐོའི་མཐོང་ཆེན་དང་སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་བར། འབྱུང་འགྱུར་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རིང་འཕེལ་ཕྱོགས་བཟང་པོ་མངོན་ཡོད་ཅེས་གསུངས་པ་རེད།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། འབྱུང་འགྱུར་ཐོན་ལས་ལ་རྒྱང་ལྟའི་རང་བཞིན་དང་། འཐབ་ཇུས་རང་བཞིན། རྩ་སློག་རང་བཞིན་སོགས་ཀྱི་ཁྱད་ཆོས་ལྡན་པས་ཚན་རིག་དང་མཐུན་པའི་འཆར་འགོད་དང་སྤྱི་ཡོངས་ལ་སྤྱི་འདོམས་བྱེད་དགོས། “ལོ་ལྔ་ཚན་བཅོ་ལྔ་པའི”རིང་གི་རང་རྒྱལ་གྱི་འབྱུང་འགྱུར་ཐོན་ལས་འཕེལ་རྒྱས་ཀྱི་གཙོ་རྒོལ་ཁ་ཕྱོགས་ལ་དམིགས་ཏེ་ལག་རྩལ་ལམ་ཕྱོགས་ལ་ཚན་རིག་དང་མཐུན་པའི་རིགས་པས་ཁུངས་སྐྱེལ་བྱས་ནས་ལག་རྩལ་གསར་ཤོས་ཀྱི་འཐབ་ཇུས་ཀྱི་སྔོན་དཔག་ནུས་པ་ཆེ་རུ་གཏོང་དགོས། རྒྱལ་ཁབ་ཀྱི་འཐབ་ཇུས་དགོས་མཁོ་དང་། ལག་རྩལ་བྱང་ཆུབ་ཚད། རྒྱུ་རྐྱེན་གཙོ་བོའི་འདེགས་སྐྱོར་ཆ་རྐྱེན་སོགས་ཀྱི་རྒྱུ་རྐྱེན་ལ་ཕྱོགས་བསྡུས་བསམ་གཞིག་བྱས་ཏེ་ཡུལ་བབ་དང་བསྟུན་པ་དང་ཐབས་སྒྱུར་འཕེལ་རྒྱས་གཏོང་དགོས། ཐོན་ལས་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས་འབྱུང་འགྱུར་ཐོན་ལས་དེ་གསར་དར་ཐོན་ལས་དང་སྲོལ་རྒྱུན་ཐོན་ལས་དང་ཆར་པ་ཆུ་འགྲོགས་ཡོང་བར་སྐུལ་འདེད་གཏོང་དགོས།
ཞི་ཅིན་ཕིང་གིས་གསུངས་དོན། ཚན་རྩལ་ཚད་བརྒལ་གྱི་ཚད་གཞིས་འབྱུང་འགྱུར་ཐོན་ལས་འཕེལ་རྒྱས་ཀྱི་མྱུར་ཚད་དང་། རྒྱ་ཆེ་ཚད། གཏིང་ཟབ་ཚད་བཅས་ཚད་གཞི་ངེས་ཅན་ཞིག་གི་ཐོག་ནས་གཏན་འཁེལ་བྱེད་ཀྱི་ཡོད། རྒྱལ་ཡོངས་ཀྱི་སྒྲིག་སྲོལ་གསར་པའི་ལེགས་ཆ་གང་ལེགས་འདོན་པ་དང་། “ཐོན་ལས་ཀྱིས་དྲི་བ་འདོན་པ་དང་ཚན་རྩལ་གྱི་ལན་འདེབས་རྒྱུ”མཐའ་འཁྱོངས་བྱེད་པ། གཙོ་གནད་ཁྱབ་ཁོངས་ཀྱི་འགག་རྩ་དང་ལྟེ་བའི་ལག་རྩལ་གྱི་འགག་སྒྲོལ་བྱེད་ཤུགས་ཆེ་རུ་གཏོང་བ། རྨང་གཞིའི་ཞིབ་འཇུག་གི་འཐབ་ཇུས་རང་བཞིན་དང་། རྒྱང་ལྟའི་རང་བཞིན། མ་ལག་ཅན་བཅས་ཀྱི་བཀོད་པར་ཤུགས་སྣོན་བརྒྱབ་ནས་ཚན་རྩལ་གྲུབ་འབྲས་གཞན་སྒྱུར་དང་བཀོལ་སྤྱོད་བྱེད་མགྱོགས་སུ་གཏོང་དགོས།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། འབྱུང་འགྱུར་ཐོན་ལས་མང་པོ་ཞིག་གི་དར་འཕེལ་ནི་ཁེ་ལས་ལ་བརྟེན་ནས་གོམ་སྟབས་རེ་རེ་བཞིན་ཚད་བརྒལ་དང་སྐུལ་ཁྲིད་ལས་བྱུང་བ་ཞིག་རེད། ཁེ་ལས་ཀྱི་བྱེད་པོའི་ནུས་པ་འདོན་པ་དང་། རིགས་ཁག་གི་གསར་གཏོད་ཐོན་ཁུངས་དག་ཁེ་ལས་སུ་གཅིག་སྡུད་བྱ་རྒྱུར་སྐུལ་འདེད་གཏོང་བ། ལྟེ་བའི་ལག་རྩལ་གྱི་སྔོན་ཐོན་དང་གསར་གཏོད་ནུས་པ་ཆེ་བའི་ཚན་རྩལ་སྣེ་ཁྲིད་ཁེ་ལས་དང་མཐོ་གསར་ལག་རྩལ་ཁེ་ལས་སྐྱེད་སྲིང་ཤུགས་ཆེན་བཅས་བྱས་ནས། ཐོན་ལས་ཉིད་ཁྱབ་ཁོངས་མདུན་གྲལ་དང་རྩེར་སོན་ཁྱབ་ཁོངས་སུ་སླེབས་རྒྱུར་སྣེ་ཁྲིད་དང་ཁྲིད་སྟོན་བྱེད་དགོས།
ཞི་ཅིན་ཕིང་གིས་གསུངས་དོན། འབྱུང་འགྱུར་ཐོན་ལས་སྐྱེད་སྲིང་གི་དུས་འཁོར་རིང་བ་དང་ཁྲོམ་རའི་ཉེན་ཁ་ཆེ་བས་སྲིད་ཇུས་ཐད་ནས་རྒྱབ་སྐྱོར་དང་སྲིད་གཞུང་གིས་ཞབས་འདེགས་ཡག་པོ་ཞུ་དགོས། ནོར་ཁྲལ་སོགས་ཀྱི་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་བ་དང་ཚན་རྩལ་དངུལ་རྩ་འཕེལ་རྒྱས་ཤུགས་ཆེན་བཏང་ནས། ཤེས་ལྡན་པ་གསོ་སྐྱོང་དང་། གདན་ཞུ། བཀོལ་སྤྱོད་བཅས་ཀྱི་ལས་དོན་ཕྱོགས་ཡོངས་ནས་ལེགས་པར་བསྒྲུབས་ཏེ། སྤྱི་ཚོགས་ཡོངས་སུ་གསར་གཏོད་ལ་ལྕག་སྐུལ་བྱེད་པའི་རྣམ་པ་ཟབ་མོ་གཏོད་དགོས།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། འབྱུང་འགྱུར་ཐོན་ལས་འཕེལ་རྒྱས་ཀྱི་ཁྱབ་རྒྱ་ཆེ་བས་ངེས་པར་དུ་བཅོས་སྐྱོང་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས། འཕེལ་རྒྱས་དང་བདེ་འཇགས་སྤྱི་འདོམས་ཀྱིས་ཚན་རིག་དང་མཐུན་ཞིང་ནུས་ལྡན་གྱི་ལྟ་འདོམས་བྱེད་སྟངས་འཚོལ་ཞིབ་བྱེད་པ་དང་འབྲེལ་ཡོད་ཉེན་ཁར་འགོག་ཟོན་བྱས་ཏེ“ལྷུག་གཏོང”དགོས་ལ“དོ་དམ་ཡག་པོ”ཐུབ་པའི་འགན་ལེན་བྱེད་དགོས། རྒྱལ་སྤྱིའི་མཉམ་ལས་ཟབ་ཏུ་བཏང་ནས་ཕྱོགས་ཁག་གི་ཚད་གཞི་མཉམ་སྐྲུན་དང་། སྒྲིག་སྲོལ་མཉམ་གྲོས། ཐོན་ལས་མཉམ་སྐུལ་བཅས་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས། རིམ་ཁག་འགོ་ཁྲིད་ལས་བྱེད་པས་ཚན་རྩལ་གྱི་ཤེས་བྱ་གསར་ཤོས་སློབ་སྦྱོང་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་ཚན་རྩལ་ཤེས་པ་དང་། ཐོན་ལས་རྟོགས་པ། ཐབས་ཇུས་མཁས་པ་བཅས་ཐུབ་པར་བྱེད་དགོས།
འབྲེལ་ཡོད་གསར་འགྱུར།