རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་བཞི་པ་འགོ་ཚུགས་པ།
ཝང་ཅུན་ཀྲེང་དང་ལིའུ་ཅང་སོགས་ཀྲུའུ་ཞི་སྡིངས་ཆར་བཞུགས་པ་དང་། ཡན་ཅིན་ཧའེ་ཡིས་ཚོགས་ཆེན་གཙོ་སྐྱོང་གནང་བ། ཀརྨ་ཚེ་བརྟན་གྱིས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་གནང་བ།

ཚེས་31ཉིན་གྱི་སྔ་དྲོར། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་བཞི་པ་ལྷ་སར་འགོ་ཚུགས་ཤིང་། ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་དང་ལག་བསྟར་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས་འགོ་ཚུགས་ཚོགས་འདུ་གཙོ་སྐྱོང་གནང་བ།

ཚེས་31ཉིན་གྱི་སྔ་དྲོར། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་བཞི་པ་ལྷ་སར་འགོ་ཚུགས་ཤིང་། ཚོགས་འདུའི་གྲོས་རིམ་གཞིར་བཟུང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཀརྨ་ཚེ་བརྟན་གྱིས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚབ་ཞུས་ནས་ཚོགས་ཆེན་ལ་སྲིད་གཞུང་གི་ལས་དོན་སྙན་སྒྲོན་གནང་བ།
ཚེས་31ཉིན་གྱི་སྔ་དྲོར། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་བཞི་པ་ལྷ་སར་འགོ་ཚུགས་ཤིང་། ས་གནས་ཁག་དང་འཐབ་ཕྱོགས་ཁག་ནས་ཕེབས་པའི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཚོས་མངགས་བཅོལ་ཟབ་མོ་བསྣམས་ནས་ལྷན་དུ་འཛོམས་ཏེ། འཕེལ་རྒྱས་ཀྱི་ཇུས་ཆེན་ལ་མཉམ་དུ་གྲོས་མོལ་དང་མཛེས་སྡུག་ལྡན་པའི་འཆར་གཞི་མཉམ་དུ་འགོད་བཞིན་ཡོད་པ་རེད།
བོད་ལྗོངས་མི་དམངས་ཚོགས་ཁང་གི་རྣམ་པ་རྔམ་བརྗིད་ལྡན་ཞིང་། ཀྲུའུ་ཞི་སྡིངས་ཆའི་དབུས་སུ་རྒྱལ་རྟགས་མཐོན་པོར་བཀལ་བ་དང་གཞོགས་གཉིས་སུ་དར་དམར་བསྒྲིགས་ཡོད་པ་རེད།
ཝང་ཅུན་ཀྲེང་དང་། རྒྱལ་མཚན། ཞུས་ཁྲེང་ཚང་། འཇམ་དཔལ། ཀྲང་ཧུང་པོ། ཐང་མིང་དབྱིན། ལིའུ་པོ་ཁྲེང་། ལི་ཝུན་ཀེ སུན་ཤན་ཀྲུང་། ལིའུ་ཀོང་ཤུས་བཅས་ཀྲུའུ་ཞི་སྡིངས་ཆའི་མདུན་གྲལ་དུ་བཞུགས་ཡོད་པ་རེད།
ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་དང་ལག་བསྟར་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
ལིའུ་ཅང་དང་། ལའེ་ཅའོ། རེན་ཝེ། ཤའོ་ཡིའུ་ཚའེ། ཟླ་བ་ཚེ་རིང་། བསོད་ནམས་ཉི་མ། ཀུང་ཧུའེ་ཚའེ། བསྟན་པ། ཅང་ཝུན་ཕེང་། ལེགས་མཆོག པ་སངས་བཅས་དང་། དེ་བཞིན་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་ཁོངས་མི་དང་རང་སྐྱོང་ལྗོངས་ཀྱི་ཞིང་ཆེན་དང་དམག་དཔུང་རིམ་པའི་འགོ་ཁྲིད་རྣམས་ཀྲུའུ་ཞི་སྡིངས་ཆར་བཞུགས་ཡོད་པ་རེད།
ཚོགས་ཆེན་ལ་ཞུགས་དགོས་པའི་འཐུས་མི་412ཡོད་པ་དང་། དངོས་སུ་ཞུགས་མཁན་འཐུས་མི་370ཡོད་པས་ཁྲིམས་གཏན་འཁེལ་བའི་མི་གྲངས་དང་མཐུན་ཡོད་པ་རེད།
སྔ་དྲོའི་ཆུ་ཚོད་9དང་སྐར་མ་30ཙམ་ལ། ཡན་ཅིན་ཧའེ་ཡིས་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་བཞི་པ་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་ཞིང་། ཚོགས་ཞུགས་མི་སྣ་ཡོངས་ཡར་བཞེངས་ཏེ་སྐད་གསང་མཐོན་པོས་རྒྱལ་གླུ་བླངས་པ་རེད།
ཚོགས་འདུའི་གྲོས་རིམ་གཞིར་བཟུང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཀརྨ་ཚེ་བརྟན་གྱིས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚབ་ཞུས་ནས་ཚོགས་ཆེན་ལ་སྲིད་གཞུང་གི་ལས་དོན་སྙན་སྒྲོན་གནང་ཞིང་། སྙན་སྒྲོན་དེ་2025ལོ་དང“ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་ལས་དོན་ལ་ཕྱིར་ལྟ་དང་། “ལོ་ལྔ་ཚན་བཅོ་ལྔ་པའི”རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་ཁོང་དུ་ཆུད་དགོས་པའི་བླང་བྱ་གལ་ཆེན། 2026ལོའི་གཙོ་གནད་ལས་དོན་བཅས་ཁག་གསུམ་དུ་དབྱེ་ཡོད་པ་རེད།
ཀརྨ་ཚེ་བརྟན་གྱིས་གསུངས་དོན། 2025ལོ་ནི་སྤྱིར་བཏང་གཏན་ནས་མིན་པའི་ལོ་ཞིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མ་སླར་ཡང་བོད་དུ་གཟིགས་ཞིབ་གནང་བར་ཕེབས་ནས་ཉིང་ཁྲི་གྲོང་ཁྱེར་ཀ་ལ་གྲོང་ཚོའི་གྲོང་མི་ཡོངས་ལ་འཕྲིན་ལན་སྤྲིངས་པ་དེས་ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་མཉམ་དུ་འཛུགས་པ་དང་མཛེས་སྡུག་ལྡན་པའི་བོད་ཀྱི་ལེའུ་གསར་རྩོམ་པའི་གདེང་ཚོད་དང་ཆོད་སེམས་ལ་སྐུལ་ལྕག་ཆེན་པོ་ཐེབས་ཡོད། ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་མཐའ་འཁྱོངས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་རིམ་བྱུང་གི་དགོངས་དོན་ལག་བསྟར་གཏིང་ཟབ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བཅས་བྱས་ཏེ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་དམ་པོར་བརྟེན་ནས“དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་སྣོན་བརྒྱབ་སྟེ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་བཏང་ཡོད། ལོ་འདིར། རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་རྟེན་འབྲེལ་ཞུ་བའི་མཛད་སྒོ་གཟབ་རྒྱས་ངང་འཚོགས་པ་དང་། ལོ་འདིར། དུས་རབས་གསར་པའི་མཚོན་རྟགས་རང་བཞིན་གྱི་ལས་གྲྭ་གལ་ཆེན་བདེ་བླག་ངང་ལས་འགོ་ཚུགས་པ། ལོ་འདིར། དིང་རིའི་ས་ཡོམ་རིམ་པ་6.8ཀྱི་གེགས་རྗེས་སླར་གསོ་བསྐྱར་སྐྲུན་ལ་རྒྱལ་ཁ་ཆེན་པོ་ཐོབ་ཡོད།
ཀརྨ་ཚེ་བརྟན་གྱིས་བློ་བརྟན་འགྱུར་མེད་སྒོ་ནས་བརྟན་ལྷིང་འགན་ལེན་དང་འཆམ་མཐུན་ལ་སྐུལ་འདེད་གཏོང་བ་དང་། ནུས་ཤུགས་ཡོད་རྒུས་ནང་མཁོ་རྒྱ་སྐྱེད་དང་འཕར་སྣོན་བརྟན་པོ་ཡོང་བར་བྱེད་པ། སྤུས་འབྲས་ལེགས་གཉེར་སྒོ་ནས་ཐོན་ལས་སྐྱོང་གསོ་དང་ལེགས་ཆ་དར་སྤེལ་གཏོང་བ། མཉམ་འདྲེས་འཕེལ་རྒྱས་སྒོ་ནས་གྲོང་ཁྱེར་དང་གྲོང་རྡལ་དར་རྒྱས་གཏོང་བ་དང་གྲོང་གསེབ་སྐུལ་ཁྲིད་བྱེད་པ། སྙིང་རུས་གཏན་འཁྱོངས་སྒོ་ནས་སྒྱུར་བཅོས་ལ་དམ་འཛིན་དང་གསོན་ཤུགས་ཆེ་རུ་གཏོང་བ། ལག་ལེན་འབད་སྒྲུབ་སྒོ་ནས་དམངས་འཚོར་ཕན་འདོགས་པ་དང་མི་སེམས་གཅིག་ཏུ་སྒྲིལ་བ། སྐྱེ་ཁམས་སྔོན་ལ་བཞག་ནས་མཐོ་ས་བསྐྲུན་པ་དང་མཐའ་ཚད་སྲུང་བ། མཐའ་དར་དམངས་ཕྱུག་སྒོ་ནས་རྨང་གཞི་བརྟན་གཏོང་དང་རྩ་བ་སྲ་རུ་གཏོང་བ་བཅས་ཕྱོགས་བརྒྱད་ཀྱི་ཐད་ནས་2025ལོའི་ལས་དོན་ལ་ཕྱོགས་སྡོམ་གནང་བ་རེད། ཁོང་གིས། 2025ལོའི་དམིགས་ཚད་གཙོ་བོ་ལེགས་གྲུབ་བྱུང་བ་དེ་ཐོག་ནས“ལོ་ལྔ་ཚན་བཅུ་བཞི་པ”ཕུན་སུམ་ཚོགས་པོས་མཇུག་འགྲིལ་བ་མཚོན་གྱི་ཡོད། ལོ་ལྔ་དེ་ནི་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་འབྲས་བུ་བཏགས་པའི་ལོ་ལྔ་དང་། ལོ་ལྔ་དེ་ནི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་མི་སེམས་སུ་དེ་བས་གཏིང་ཟབ་ཟུག་པའི་ལོ་ལྔ། ལོ་ལྔ་དེ་ནི་བོད་ལྗོངས་འཕེལ་རྒྱས་ཐད་འགྱུར་ལྡོག་ཡག་ཤོས་དང་ཆེ་ཤོས་བྱུང་བའི་ལོ་ལྔ། ལོ་ལྔ་དེ་ནི་བདེ་འཇགས་སྲུང་བཅད་སྔར་བས་བརྟན་དུ་སོང་བའི་ལོ་ལྔ། ལོ་ལྔ་དེ་ནི་མི་རིགས་ཁག་གི་མང་ཚོགས་ལ་ཕན་པ་ཐོབ་མང་ཤོས་ཀྱི་ལོ་ལྔ་བཅས་རེད། གྲུབ་འབྲས་དེ་དག་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁ་སྒྱུར་ཕྱོགས་སྟོན་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཚན་རིག་དང་མཐུན་པའི་ཁྲིད་སྟོན་ལས་བྱུང་བ་དང་། དེ་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བྱམས་བརྩེའི་ཐུགས་ཁུར་དང་རྒྱལ་ཡོངས་མི་དམངས་ཀྱིས་སྒེར་སེམས་མེད་པའི་རོགས་སྐྱོར་བྱས་པའི་འབྲས་བུ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ནས་དཀའ་སྤྱད་འབད་བརྩོན་བྱས་པའི་འབྲས་བུ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་དང་། སྲིད་གྲོས། སྤྱི་ཚོགས་ལས་རིགས་ཁག་བཅས་ཀྱིས་ལྟ་སྐུལ་ནུས་ལྡན་དང་རྒྱབ་སྐྱོར་ཤུགས་ཆེན་བྱས་པའི་འབྲས་བུ་བཅས་རེད་ཅེས་གསུངས་པ་རེད།
2026ལོ་ནི“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་ལག་ལེན་བསྟར་འགོ་ཚུགས་པའི་ལོ་རེད། ཀརྨ་ཚེ་བརྟན་གྱིས་སྙན་སྒྲོན་ནང་ནན་བཤད་གནང་དོན། ད་ལོའི་ལས་དོན་ཡག་པོ་བསྒྲུབ་པའི་སྤྱིའི་བླང་བྱ་ནི། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་མཐའ་འཁྱོངས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་རིམ་བྱུང་དང་། དེ་བཞིན་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་རིམ་བྱུང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུ་བཅས་ཀྱི་བཀོད་སྒྲིག་བླང་བྱ་གཞིར་བཟུང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་དང་། འཕེལ་རྒྱས་ཀྱི་རྣམ་པ་གསར་པར་ཞབས་འདེགས་ཞུ་བ་དང་དེའི་ནང་མཉམ་འདྲེས་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་བྱས་ཏེ། “ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”གི་སྤྱིའི་བླང་བྱ་མཐའ་འཁྱོངས་དང་བརྟན་ཁྲོད་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་ཀྱིས་འཕེལ་རྒྱས་དང་བདེ་འཇགས་ལ་དེ་བས་ལེགས་པའི་སྒོ་ནས་སྤྱི་འདོམས་བྱས་ཏེ“དོན་ཆེན་བཞིར”རྒྱུན་མཐུད་དང་གཏིང་ཟབ་སྒོ་ནས་དམ་འཛིན་བྱ་རྒྱུར་དམ་པོར་དམིགས་པ་དང་ནང་མཁོ་རྒྱ་སྐྱེད་དང་མཁོ་སྤྲོད་ལེགས་སྒྱུར་བྱེད་པ་དང་། འཕར་ཚད་ལེགས་སུ་དང་གསོག་ཐེབས་ཕན་སྒྱུར་བྱེད་པ། ཁྱད་ལྡན་ལེགས་ཆའི་ཐོན་ལས་འཕེལ་རྒྱས་གཏོང་བ། ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བ། ལས་ཞུགས་བརྟན་པོ་དང་། ཁེ་ལས་བརྟན་པོ། ཁྲོམ་ར་བརྟན་པོ། སྔོན་དཔག་བརྟན་པོ་བཅས་ལ་ཤུགས་རྒྱག་པ་བཅས་བྱས་ཏེ་དཔལ་འབྱོར་གྱི་སྤུས་ཚད་ནུས་ལྡན་གྱིས་མཐོར་འདེགས་དང་འབོར་ཚད་ལུགས་མཐུན་གྱིས་འཕར་སྣོན་ཡོང་བར་སྐུལ་འདེད་གཏོང་བ་དང་། མི་དམངས་ཀྱི་འཚོ་བའི་ཆུ་ཚད་མཐོ་རུ་གཏོང་བ། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་རྒྱུན་འཁྱོངས་བཅས་བྱས་ཏེ“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཡག་པོ་འཛུགས་ཐུབ་པར་བྱེད་དགོས།
ཀརྨ་ཚེ་བརྟན་གྱིས་སྙན་སྒྲོན་ནང་གསུངས་དོན། ད་ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྔོན་དཔག་དམིགས་ཚད་གཙོ་བོ་ནི། ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་7%ཡན་འཕར་བ་བྱ་རྒྱུ་དང་། གཏན་འཇགས་རྒྱུ་ནོར་ལ་མ་འཇོག་བྱེད་ཚད་15%ཡན་འཕར་བ་བྱ་རྒྱུ། སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་7%ཡན་འཕར་བ་བྱ་རྒྱུ། གྲོང་ཁྱེར་དང་གྲོང་རྡལ་གྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་7%ཙམ་དང་8%ཙམ་སོ་སོར་འཕར་བ་བྱ་རྒྱུ། གྲོང་ཁྱེར་དང་གྲོང་རྡལ་གྱི་བརྟག་དཔྱད་བྱས་ཁོངས་ཀྱི་ལས་ཀ་ཤོར་ཚད་5%ནང་ཚུན་དུ་ཚོད་འཛིན་དང་གྲོང་མིའི་འཛད་སྤྱོད་རིན་གོང་ལུགས་མཐུན་ངང་འཕར་བ་བྱ་རྒྱུ་བཅས་རེད།
ཀརྨ་ཚེ་བརྟན་གྱིས་སྙན་སྒྲོན་ནང་གསུངས་དོན། ད་ལོ་ཕྱོགས་བརྒྱད་ཀྱི་ལས་དོན་གཙོ་གནད་ཐོག་དམ་འཛིན་བྱ་རྒྱུ་ཡིན་པ་སྟེ། ཡུན་རིང་བདེ་འཁོད་ལ་གཞི་ཚུགས་ནས་ཆུ་ཚད་དེ་བས་མཐོ་བའི་དུས་བདེའི་བོད་ལྗོངས་འཛུགས་སྐྲུན་བྱེད་པ་དང་། ནང་མཁོ་རྒྱ་སྐྱེད་ལ་གཞི་ཚུགས་ནས་དཔལ་འབྱོར་འཕེལ་རྒྱས་ཀྱི་སྤུས་འབྲས་ལེགས་གཉེར་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ། ཟབ་སྤེལ་ཞན་གསབ་ལ་གཞི་ཚུགས་ནས་ཡུལ་བབ་དང་བསྟུན་ཏེ་ས་མཐོའི་ཁྱད་ལྡན་ལེགས་ཆའི་ཐོན་ལས་འཕེལ་རྒྱས་གཏོང་བ། ས་ཁོངས་མཐུན་སྦྱོར་ལ་གཞི་ཚུགས་ནས་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པ་དང་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་གཏོང་རྒྱུར་སྤྱི་འདོམས་སྐུལ་འདེད་གཏོང་བ། སྟོབས་ཤུགས་ཆེར་གཏོང་དང་ནུས་པ་གསོག་འཇོག་ལ་གཞི་ཚུགས་ནས་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་དང་སྒོ་དབྱེ་གསར་གཏོད་དང་རྒྱ་ཆེར་གཏོང་བ། མི་སེམས་གཅིག་སྒྲིལ་ལ་གཞི་ཚུགས་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་བདེ་རྩ་ཆེ་རུ་ཏན་ཏིག་གཏོང་བ། ལྗང་མདོག་འཕེལ་རྒྱས་ལ་གཞི་ཚུགས་ནས་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་ཧུར་ཐག་གཏོད་པ། མཐའ་མཚམས་འཛུགས་སྐྲུན་ལ་གཞི་ཚུགས་ནས་མཐའ་བརྟན་མཐའ་དར་དམངས་ཕྱུག་གི་བྱ་སྤྱོད་ལ་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་རེད།
ཀརྨ་ཚེ་བརྟན་གྱིས་སྙན་སྒྲོན་ནང་གསུངས་དོན། མང་ཚོགས་ཚོགས་པའི་སྒྲིག་གཞིས་ཁྲིམས་ལྟར་འགན་འཁྲི་སྒྲུབ་པར་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱས་ཏེ་ལས་བཟོ་དང་། བུད་མེད། བྱིས་པ། གཞོན་ནུ་ལོ་ཆུང་། རྒན་རྒོན། དབང་པོ་སྐྱོན་ཅན་སོགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་འགན་སྲུང་ཏན་ཏིག་བྱེད་པ་དང་དམག་ཞབས་ཐིམ་པའི་དམག་མིའི་ཞབས་ཞུའི་འགན་སྲུང་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས། རྒྱལ་སྲུང་སྐུལ་སློང་དང་གཉིས་བཀུར་མཉམ་སྐྲུན་མུ་མཐུད་ཡག་པོ་བསྒྲུབས་ཏེ་དུས་རབས་གསར་པའི་དམག་སྲིད་དམག་དམངས་ཀྱི་མཐུན་སྒྲིལ་སྲ་བརྟན་དང་འཕེལ་རྒྱས་གཏོང་དགོས། ཁ་གཏད་བོད་སྐྱོར་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ་སློབ་གསོ་དང་སྨན་བཅོས་ཤེས་ལྡན་པ་སོགས“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་སྔར་བས་གཏིང་ཟབ་དང་རྒྱ་སྐྱེད་གཏོང་དགོས།
ཀརྨ་ཚེ་བརྟན་གྱིས་སྙན་སྒྲོན་ནང་ནན་བཤད་གནང་དོན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལེའུ་རྩོམ་པའི་འགན་འཁྲི་གཟི་བརྗིད་ལྡན་པ་དང་ལས་འགན་ལྕི་པོ་ཡིན་པས། སྲིད་གཞུང་གི་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་ཐད་བླང་བྱ་གསར་པ་དེ་བས་མཐོ་བ་བཏོན་ཡོད། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་རྒྱུ་དེ་སྲིད་གཞུང་གི་ལས་ཀའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་དང་། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་བླངས་ནས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ། ཁྲིམས་ལྟར་སྲིད་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་བྱེད་པར་སྐུལ་འདེད་གཏོང་དགོས། ལས་སྒྲུབ་གཙོ་འཇོག་མཐའ་འཁྱོངས་ཀྱིས་ལས་ཀའི་སྤྱོད་ཚུལ་རྒྱུན་མཐུད་ལེགས་སུ་གཏོང་དགོས། མི་དམངས་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་ཀྱིས་ཞབས་ཞུའི་ནུས་ཕྱོད་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། ནན་པའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་ཀྱིས་གཞུང་དྲང་སྤྱོད་གཙང་གི་རང་མདངས་ནམ་ཡང་རྒྱུན་འཁྱོངས་བྱས་ཏེ་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱ་ལག་བསྟར་བྱེད་མཁན་དང་། བྱ་སྤྱོད་སྤེལ་མཁན། ལས་དོན་སྒྲུབ་མཁན་བཅས་མཐའ་གཅིག་ཏུ་ཡག་པོ་བྱེད་དགོས།
བྱང་སྐར་སྤུན་བདུན་གྱི་ལམ་སྟོན་ཇི་བཞིན་བསྐྱོད་ན་ལམ་ནོར་ཐེབས་མི་སྲིད་པ་དང་གུང་ཁྲན་ཏང་གི་རྗེས་སུ་འབྲངས་ན་བདེ་སྐྱིད་ཐོབ་ངེས་རེད། ཀརྨ་ཚེ་བརྟན་གྱིས་སྙན་སྒྲོན་གྱི་མཇུག་ཏུ་འབོད་སྐུལ་གནང་དོན། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་མཐའ་འཁྱོངས་ཀྱིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་དངོས་འཛིན་དངོས་སྒྲུབ་དང་འབད་འབུངས་མདུན་སྐྱོད་ཀྱིས་ནུས་ཤུགས་ཡོད་རྒུས“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཡག་པོ་བཙུགས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ངོ་མཚར་ལྡན་པའི་གངས་ལྗོངས་ཀྱི་ལེའུ་ཐུན་མོང་ཐོག་རྩོམ་དགོས།
ཚོགས་འདུའི་གྲོས་རིམ་གཞིར་བཟུང་། ཚོགས་ཆེན་ཐོག་བོད་རང་སྐྱོང་ལྗོངས་ཀྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔ་ཚན་བཅོ་ལྔ་པའི་འཆར་འགོད་རྩ་གནད་ཀྱི་འཆར་ཟིན་དང་། བོད་རང་སྐྱོང་ལྗོངས་ཀྱི་2025ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞི་ལག་བསྟར་བྱས་ཚུལ་དང་2026ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞིའི་འཆར་ཟིན་སྙན་སྒྲོན། བོད་རང་སྐྱོང་ལྗོངས་ཀྱི་2025ལོའི་སྔོན་རྩིས་ལག་བསྟར་བྱས་ཚུལ་དང་2026ལོའི་སྔོན་རྩིས་འཆར་ཟིན་གྱི་སྙན་སྒྲོན་བཅས་བཀྲམ་ནས་ཞིབ་བཤེར་གནང་རྒྱུར་ཕུལ་བ་རེད། 《བོད་རང་སྐྱོང་ལྗོངས་ཀྱི་ཆོས་ལུགས་ལས་དོན་སྐོར་གྱི་སྲོལ་ཡིག(འཆར་ཟིན)》བཀྲམ་ནས་ཞིབ་བཤེར་གནང་རྒྱུར་ཕུལ་བ་རེད།
འབྲེལ་ཡོད་གསར་འགྱུར།