དབུ་ཤོག
  • དགུན་ཁའི་གུང་གསེང་གི་སྤྲོ་སྣང་གཞན་ཞིག

  • ཡོང་ཁུངས།   བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།    |     སྤེལ་དུས།  2026-01-30

    དགུན་ཁའི་གུང་གསེང་རིང་། ལྷ་ས་གྲོང་ཁྱེར་ཤིན་ཧྭ་དཔེ་ཚོང་ཁང་དུ་མི་ཚོགས་ཀྱིས་ཁེངས་ཤིང་། ཕྲུ་གུ་ཚོ་བློ་རྩེ་གཅིག་སྒྲིམ་ངང་སྦྱོང་ཚན་འབྲི་བའམ་ཡང་ན་རང་རང་སོ་སོའི་དགའ་ཕྱོགས་ཀྱི་སྒྲུང་དེབ་སོགས་ལྟ་བར་དབྱིངས་ཚུད་ནས་ཡོད་ཅིང་། ཉེ་འགྲམ་དུ་ཡོད་པའི་ཁྱིམ་བདག་ལ་ལ་གློག་ཀླད་སྤྱད་ནས་ལས་ཀ་བྱེད་པ་དང་ལ་ལས་ཕྲུ་གུར་སྦྱོང་ཚན་བསླབ་པ་དང་། ཡང་ལ་ལ་དཔེ་དེབ་ཀློག་བཞིན་པའི་སྣང་ཚུལ་འདི་དག་ལས་བོད་ཀྱི་སློབ་གསོའི་བྱ་གཞག་གོང་འཕེལ་མགྱོགས་པའི་རྣམ་པ་ངམ་ངམ་ཤུགས་སུ་རྟོགས་ཐུབ།

    སྔོན་མ་དཔལ་འབྱོར་གྱི་འཁོས་ཀ་ཞན་པ་སོགས་རྒྱུ་རྐྱེན་སྣ་ཚོགས་ཀྱིས་ཁྱིམ་ཚང་མང་དག་ཅིག་གི་ཕྲུ་གུ་སློབ་གྲྭར་འགྲོ་བའི་གོ་སྐབས་བྱུང་མེད། འོན་ཀྱང་ད་ཆ། བོད་ཀྱི་སློབ་གསོའི་བྱ་གཞག་ཐད་སློབ་གྲྭར་འགྲོ་རྒྱུ་ཡོད་པ་ཙམ་མ་ཟད་སློབ་གྲྭ་ཡག་པོར་འགྲོ་རྒྱུ་ཡོད་པའི་བར་འཕེལ་རྒྱས་ཆེན་པོ་བྱུང་བ་དང་། ལོ་15ཡི་གཞུང་གྲོན་སློབ་གསོ་ཕྱོགས་ཡོངས་ནས་ལག་ལེན་བསྟར་བས། བོད་ཀྱི་སློབ་གསོའི་བྱ་གཞག་ལ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ཕྱིན་ཡོད།

    དཔེ་ཀློག་ལས་མང་ཚོགས་ཀྱི་ནང་སེམས་ཀྱི་སློབ་གསོའི་འདུ་ཤེས་ལའང་འགྱུར་ལྡོག་ཆེན་པོ་འགྲོ་བཞིན་ཡོད་ཅིང་། འགྱུར་ལྡོག་དེ་རིགས་ནི་མང་ཚོགས་ཚོས་ཤེས་རིག་ལ་བརྟེན་ནས་ཁྱིམ་ཚང་གི་ལས་དབང་ལ་ཁ་ལོ་སྒྱུར་ཐུབ་པ་མིག་མཐོང་ལག་ཟིན་བྱུང་བ་དང་ཡང་སྒོས་སྤྱི་ཚོགས་ཡོངས་ཀྱི་རྒྱུན་མཐུད་ཁྲིད་སྟོན་དང་ཁ་འབྲལ་ཐབས་མེད། ཁྱིམ་བདག་ཚོས་ཕྲུ་གུ་དང་མཉམ་དུ་དཔེ་ཀློག་གི་བྱེད་སྒོ་སྣ་ཚོགས་ལ་ཞུགས་པ་དེས་ཕྱི་དངོས་པོར་གཙིགས་ཆེན་བྱེད་པ་ནས་ནང་སེམས་ཀྱི་བསམ་པའི་དཔལ་ཡོན་ལ་མཐོང་ཆེན་བྱེད་པའི་བར་གྱི་འགྱུར་ལྡོག་མཚོན་གྱི་ཡོད། དཔེ་ཁང་ནང་ཁྱིམ་བདག་གིས་ངང་རྒྱུད་རིང་པོས་ཕྲུ་གུ་དང་མཉམ་དུ་དཔེ་དེབ་ལྟ་བའི་གཟུགས་བརྙན་ནི་མི་ཚང་མས་སློབ་གསོ་དེ་གལ་འགངས་ཤིན་ཏུ་ཆེ་བར་འཛིན་པའི་བསྡུས་རིས་ཤིག་རེད།

    སྤྱིར་དཔེ་ཀློག་ནི་གལ་འགངས་ཤིན་ཏུ་ཆེན་པོ་ཡིན་ཏེ། རྒྱལ་ཁབ་ཅིག་དང་མི་རིགས་ཤིག་ཡར་རྒྱས་གོང་འཕེལ་དུ་འགྲོ་མིན་དང་མི་སྒེར་སོ་སོའི་མི་ཚེའི་ལམ་བུ་ཡག་སྡུག་ཇི་ཡོང་མཐར་གཏུགས་ན་སློབ་གསོ་དང་དཔེ་ཀློག་ལ་རག་ལས་ཡོད། ངག་རྒྱུན་དུ་གོམས་གཤིས་བཟང་པོ་འཇགས་ན་བྱ་བ་མཐའ་དག་ལེགས་གྲུབ་ཡོང་ངེས་དང་། གོམས་གཤིས་ངན་པ་འཇགས་ན་བྱ་བ་ཡོད་ཚད་ཀྱི་མཇུག་འཁྱོངས་དཀའ་ཟེར་བ་ལྟར། སློབ་མར་དཔེ་ཀློག་གི་གོམས་གཤིས་ཡག་པོ་ཞིག་འཇགས་མིན་དེ་ཕ་མ་དང་འབྲེལ་བ་ཡོད་པས་བུ་ཕྲུག་ལ་དཔེ་ཀློག་རྒྱུན་འཁྱོངས་པ་དང་། ཡང་དག་པ་ཞིག་རྒྱུད་ལ་འཇགས་དགོས་ན་དེ་དག་གི་ཁྲོད་ནས་འགངས་ཆེར་གྱུར་པ་ནི་ཕ་མའི་ཁྲིད་སྟོན་ལ་རག་ལས་པར་སེམས།

    དེ་རིང་དེབ་ཁང་དུ་ལོ་ཆུང་བྱིས་པ་ཚོས་ཤེས་བྱའི་རྒྱ་མཚོ་ཆེན་པོར་ཡོན་ཏན་གྱི་འཚོ་བཅུད་ལེན་བཞིན་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་གྱི་ཆེད་དུ་རིག་སྟོབས་སྐྱེད་སྲིང་བྱས་དང་བྱེད་མུས་ཡིན་པ་ནི་དགའ་འོས་པའི་རྣམ་པ་བཟང་པོ་ཞིག་ཡིན་པས། མུ་མཐུད་རྒྱུན་འཁྱོངས་དང་དར་སྤེལ་གཏོང་དགོས་པ་སྨོས་མི་དགོས།

    གསར་འགོད་པ། ཕུན་ཚོགས་ཉི་སྒྲོན། བསོད་ནམས་མཚོ་མོ། བསོད་ནམས་སྟོབས་ལགས། ཚེ་རྡོར།

    ཞིབ་དཔྱད་པ། ཁྲ་དོད། བཀྲ་ཤིས་གཞོན་པ། བསྟན་འཛིན་གཞོན་པ།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།