ཐོག་བརྩེགས་ཁང་པར་མེ་ཤོར་ཚེ་ཇི་ལྟར་བྲོས་དགོས།
ཐོག་བརྩེགས་ཁང་པར་མདོང་ལམ་མང་པོ་ཁྲིད་ཡོད་པས། གལ་སྲིད་མེ་ཤོར་ཚེ་མེ་གསོད་དཀའ་བ་དང་། མངོན་མེད་རྐྱེན་ངན་ཐོན་མང་བ། ཁ་འགྲེམས་དཀའ་བ། མེ་མཆེད་མགྱོགས་པ་བཅས་ཀྱིས་མིར་རྨས་སྐྱོན་དང་རྒྱུ་ནོར་ལ་གྱོན་གུན་བཟོ་ཉེན་ཆེན་པོ་ཡོད།
གཅིག ཐོག་བརྩེགས་ཁང་པར་མེ་སྐྱོན་འབྱུང་ཉེན་ཆེ་བ།
1.མེ་སྐྱོན་གྱི་རྐྱེན་ངན་ཐོན་མང་བ། ཐོག་བརྩེགས་ཁང་པ་དང་ལྷག་པར་དུ་ཕྱོགས་བསྡུས་ཀྱི་ཐོག་བརྩེགས་ཁང་པར་བྱེད་ནུས་མང་ཞིང་འབར་སླ་བའི་དངོས་པོ་མང་པོ་འཇོག་ལ། མེ་ཟོན་བདེ་འཇགས་ལ་དོ་དམ་དེ་ཙམ་ནན་པོ་མེད་པའི་ཁར་མེ་སྐྱོན་གྱི་རྐྱེན་ངན་ཐོན་མང་བས་མེ་སྐྱོན་འབྱུང་ཉེན་ཆེ་ཞིང་། ལྷག་པར་དུ་མེ་ཤོར་ཚེ་དུ་བ་དང་དུག་རླངས་ཀྱིས་མིའི་ཚེ་སྲོག་ལ་ཉེན་ཁ་ཆེན་པོ་བཟོ་གི་ཡོད།
2.མེ་མཆེད་མགྱོགས་པ། སྤྱིར་ན་ཐོག་བརྩེགས་ཁང་པར་འབར་སླ་བའི་དངོས་ཟོག་མང་བ་དང་། ཐོག་བརྩེགས་ཁང་པ་འགའ་ཞིག་ཏུ་གཏན་འབེབས་ལས་འགལ་ནས་འབར་སླ་བའི་དངོས་པོ་འཇོག་ས་བཟོ་གི་ཡོད། གལ་སྲིད་མེ་ཤོར་ཚེ་དངོས་པོ་དེ་དག་ལ་ལམ་སེང་མེ་མཆེད་ནས་འཚིག་སླ་པོ་ཡོད།
3.བདེ་འཇགས་ངང་ཁ་འགྲེམས་དཀའ་བ། ཐོག་བརྩེགས་ཁང་པ་ཕལ་མོ་ཆེས་གཙོ་བོ་སྐས་འཛེག་བརྒྱུད་ནས་བདེ་འཇགས་ཁ་འགྲེམས་བྱེད་ཀྱི་ཡོད་མོད། ཡིན་ནའང་ཐོག་ཁང་མང་ཞིང་ཐད་ཀའི་བར་ཐག་རིང་བའི་ཁར་ཤོད་ལ་བབས་པའམ་ཡང་ན་བདེ་འཇགས་ཁུལ་་གཞན་ཏུ་སྐྱོད་པར་བར་ཐག་རིང་བ་མ་ཟད། སྐས་འཛེག་ཡོད་སར་དུ་བ་འཚངས་ཚེ་མི་ཚོགས་ཁ་འགྲེམས་པར་ཤུགས་རྐྱེན་ཆེན་པོ་བཟོ་གི་ཡོད།
4.མེ་གསོད་དཀའ་བ། ཐོག་བརྩེགས་ཁང་པའི་མཐོ་ཚད་ལ་སྨི་བཅུ་གྲངས་ཁ་ཤས་དང་ཐ་ན་སྨི་བརྒྱ་ལྷག་ཙམ་ཟིན་པས། གལ་སྲིད་ཁང་པའི་མེ་ཟོན་གྱི་སྒྲིག་ཆས་རྒྱུན་གཏན་བཞིན་བེད་སྤྱོད་མི་ཐུབ་ཚེ་ཁང་པའི་ཕྱི་ནས་མེ་གསོད་པར་ཡོང་བར་དཀའ་ངལ་ཆེན་པོ་བཟོ་གི་ཡོད།
གཉིས། བྲོས་ཐབས་སྐོར།
1.གལ་སྲིད་རང་ཁྱིམ་ལ་མེ་ཤོར་ནས་མེ་གསོད་མ་ཐུབ་པར་བྲོས་འགྲོ་སྐབས་འཕྲལ་མར་སྒོ་རྒྱག་དགོས།
གལ་སྲིད་རང་ཁྱིམ་ལ་མེ་ཤོར་ན་རང་ནུས་ཅི་ཐུབ་ཀྱིས་ཉེ་འཁོར་གྱི་མེ་གསོད་སྒྲིག་ཆས་སྤྱོད་པ་དང་ཆུ་གཤོས་ཏེ་མེ་གསོད་ཐབས་བྱེད་དགོས། གལ་སྲིད་ད་དུང་མེ་ཤུགས་ཆེ་རུ་ཕྱིན་ནས་མེ་གསོད་མ་ཐུབ་ཚེ། འཕྲལ་མར་བྲོས་དགོས་པ་མ་ཟད། མེ་གསོད་ཨང་གྲངས་119ལ་འཕྲལ་མར་ཁ་པར་རྒྱག་དགོས། མ་བྲོས་གོང་ཡིན་གཅིག་ཐབ་ཚང་དང་ཁྱིམ་གྱི་འཛུལ་སྒོ་བཙན་པོ་བརྒྱབ་སྟེ། དུ་བ་དང་མེ་མགྱོགས་མྱུར་ཁང་མིག་གཞན་དང་སྤྱི་པའི་ས་ཁོངས་སུ་མཆེད་ནས་ཉེ་འཁོར་གྱི་མི་བྲོས་པར་ཤུགས་རྐྱེན་མི་ཕོག་པ་བྱེད་དགོས།
2.གལ་སྲིད་ཐོག་སོ་གཅིག་པར་མེ་ཤོར་ནས་བར་ཁྱམས་ལ་དུ་བ་མེད་ཚེ། སྐས་འཛེག་བརྒྱུད་ནས་འཕྲལ་མར་བྲོས་དགོས།
གལ་སྲིད་ཐོག་སོ་གཅིག་པར་མེ་ཤོར་ནས་བར་ཁྱམས་དང་སྐས་འཛེག་ཡོད་སར་དུ་བ་ཉུང་ངུ་ལས་མེད་པ་མ་ཟད། དབུགས་གཏོང་བར་སྐྱོན་དེ་ཙམ་མི་བྱེད་པ་དང་མཐོང་ལམ་ཡང་གསལ་པོ་ཡོད་ཚེ། སྐས་འཛེག་བརྒྱུད་ནས་ཤོད་ལ་འཕྲལ་མར་བྲོས་དགོས་པ་དང་། བྲོས་འགྲོ་སྐབས་སྲོག་ཉེན་ལས་ཐར་ཐབས་ཀྱི་དུས་ཚོད་ཡག་ཤོས་དམ་འཛིན་བྱེད་དགོས་པ་ལས་ཀ་རེ་ཀོ་རེ་གཏན་ནས་བྱེད་རྒྱུ་མེད། ཁང་པ་ནས་ཐོན་སྐབས། ཡིན་གཅིག་ཨ་ཅོར་རམ་ཡང་ན་གྱོན་ཆས་རློན་པ་བཟོས་ཏེ་ཅུང་བཙིར་ནས་ལྟེབ་རྩེག་བརྒྱབ་སྟེ། ཁ་སྣ་གཉིས་བཀབ་ནས་སྒུར་སྒུར་གྱིས་བྲོས་དགོས། ད་དུང་ཁྱིམ་གྱི་གློག་བཞུའམ་ཡང་ན་ལག་ཐོགས་ཁ་པར་གྱི་གློག་བཞུ་སྤྱད་ནས་བྲོས་ལམ་ཡག་པོ་མཐོང་བར་བྱེད་དགོས།
3.གལ་སྲིད་ཐོག་སོ་གཅིག་པར་མེ་ཤོར་ནས་བར་ཁྱམས་ལ་དུ་བ་མང་པོ་ཡོད་ཚེ། འཕྲལ་མར་སྒོ་བཙན་པོ་བརྒྱབ་ནས་སྐྱོབ་མཁན་སྒུག་དགོས།
གལ་སྲིད་ཐོག་སོ་གཅིག་པར་མེ་ཤོར་ནས་ཁང་པའི་སྒོ་ཕྱེ་སྐབས་བར་ཁྱམས་སམ་ཡང་ན་བྲོས་འགྲོ་སའི་སྐས་འཛེག་ཡོད་སར་དུ་བས་ཁེངས་ཏེ། དབུགས་གཏོང་མི་ཐུབ་པ་དང་མཐོང་ལམ་ཡང་བསྒྲིབས་ནས་དབྱེ་བ་གསལ་པོ་འབྱེད་མི་ཐུབ་ཚེ། གླེན་རྟགས་ཀྱིས་དུ་བ་ཡོད་ས་ནས་བྲོས་ཐབས་གཏན་ནས་བྱ་རྒྱུ་མེད། དེ་ལྟར་བྱས་ན་དུ་སུབ་ཐེབས་ནས་འཆི་ཉེན་ཡོད། དེ་ལས་འཕྲལ་དུ་ཁང་པའི་ནང་དུ་ལོག་ནས་སྒོ་བཙན་པོ་བརྒྱབ་སྟེ་ཨ་ཅོར་རློན་པས་སྒོའི་སྲུབས་ཀ་བཀག་སྟེ། མེ་གསོད་ཨང་གྲངས་119ལ་ཁ་པར་བརྒྱབ་ནས་དུ་བ་མེད་སའི་ཁང་པའི་གཞོགས་ཤིག་ཏུ་སྒེའུ་ཁུང་ཕྱེ་ནས་སྐྱོབ་མཁན་སྒུག་དགོས།
4.གླེན་རྟགས་བརྩེས་ཏེ་ཐོག་ཁ་ནས་གཏན་ནས་མཆོང་མི་ཉན།
ཐོག་བརྩེགས་དམའ་སའི་ཁང་པར་དུ་བས་ཁེངས་ནས་མ་བྲོས་ཀ་མེད་འབྱུང་སྐབས། སྒེའུ་ཁུང་གི་ཁྲ་ཡོལ་དང་གདན་ཁེབས་ཀྱིས་ཐག་པ་བྱས་ཏེ། སྣེ་མོ་དམ་པོར་བཏགས་ནས་བྲོས་ཐབས་བྱེད་པ་དང་སྦྲགས་ཁང་པའི་ཕྱིའི་དྲོད་སྙོམས་འཕྲུལ་ཆས་ཀྱི་ལྕགས་སྒྲོམ་སོགས་ལ་བརྟེན་ནས་བྲོས་དགོས། ཐོག་བརྩེགས་དམའ་ས་ནས་མ་མཆོངས་ཀ་མེད་འབྱུང་སྐབས། ཕྱིར་འབོལ་ཁྲིའམ་ཡང་ན་ཉལ་ཆས་མཐུག་པོ་དབྱུགས་ནས་རྨས་སྐྱོན་མི་ཕོག་པ་བྱེད་དགོས། གལ་སྲིད་ཤོད་ལ་མི་ཡོད་ཚེ། དེ་དག་གིས་ས་ཐག་ཉེ་ས་ནས་ཅུང་མཐོ་བའི་སྐས་ཀ་དང་མྱུར་སྐྱོབ་ཡོ་ཆས་འཚོལ་བའམ་ཡང་ན་ཤོད་ལ་ཉལ་ཆས་འདིང་བ་སོགས་ཀྱིས་བྲོས་མཁན་སྐྱོབ་ཐབས་བྱས་ཏེ་མི་སྣ་ཤི་རྨས་ཚོད་འཛིན་གང་ཐུབ་བྱེད་དགོས། ཐོག་བརྩེགས་མཐོ་པོར་ལུས་སྐབས་གླེན་རྟགས་ངང་ཐོག་ཁ་ནས་མཆོང་རྒྱུ་མེད་པར། དུ་བ་མེད་སའི་ཁང་མིག་ནང་འཛུལ་ཏེ་སྒོ་བཙན་པོ་བརྒྱབ་ནས་མེ་གསོད་ཨང་གྲངས་119ལ་ཁ་པར་བརྒྱབ་པ་དང་སྦྲགས་སྒེའུ་ཁུང་ཕྱེ་ནས་མེ་གསོད་རུ་མིས་སྐྱོབ་རྒྱུར་སྒུག་དགོས།
5.ལྕགས་དྲ་སྒོར་བར་གཟབ་གཟབ་བྱེད་དགོས།
ཚང་མར་དྲན་སྐུལ་ཞུ་དགོས་པ་ཞིག་ལ། ཁྱིམ་གྱི་སྒེའུ་ཁུང་ཕྱིར་རྐུན་འགོག་གི་ལྕགས་དྲ་མ་བསྒར་ན་ཡག གལ་སྲིད་བསྒར་ཡོད་ཚེ་ནང་ཁུལ་ནས་ཕྱིར་དོན་བདེ་བའི་སྒེའུ་ཁུང་ཆུང་ངུ་ཞིག་བཟོས་ཏེ་བྲོས་མཁན་ལ་སྟབས་བདེ་ཡོང་བར་བྱེད་དགོས། མེ་སྐྱོན་ཐོན་ས་ནས་བྲོས་སྐབས། མེ་སྐྱོན་ཐོན་སར་སླར་ཡང་ཅ་དངོས་རྩ་ཆེན་ལེན་པར་གཏན་ནས་འགྲོ་རྒྱུ་མེད། དེ་ལྟར་བྱས་ཚེ་སྲོག་ཤོར་ཉེན་ཡོད།
(བོད་རང་སྐྱོང་ལྗོངས་མེ་གསོད་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་ནས་མཁོ་འདོན་བྱས)
འབྲེལ་ཡོད་གསར་འགྱུར།