སྡེ་ཚན་མང་པོས་2026ལོའི“དཔྱིད་གསར་དུས་ཆེན་རིང་ཞིང་པ་ལས་མིར་དྲོ་སྐྱིད་སྦྱིན་པའི”ཞབས་ཞུའི་བྱ་སྤྱོད་མཉམ་དུ་སྤེལ་རྒྱུ་ཡིན་པ།
ཉེ་ཆར། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་དང་། སྤྱི་བདེ་པུའུ། དམངས་སྲིད་པུའུ། ཁྲིམས་འཛིན་པུའུ། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ། ཞིང་ལས་གྲོང་གསེབ་པུའུ། རིག་གནས་དང་ཡུལ་སྐོར་པུའུ། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་སོགས་སྡེ་ཚན་གྱིས་མཉམ་འབྲེལ་ཐོག《2026ལོའི“དཔྱིད་གསར་དུས་ཆེན་རིང་ཞིང་པ་ལས་མིར་དྲོ་སྐྱིད་སྦྱིན་པའི”ཞབས་ཞུའི་བྱ་སྤྱོད་སྤེལ་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམ་སྟེ། དཔྱིད་གསར་དུས་ཆེན་རིང་གི་ཞིང་པ་ལས་མིའི་ཞབས་ཞུ་འགན་ལེན་ལས་དོན་ལ་བཀོད་སྒྲིག་བྱས་པ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། བརྡ་ཐོར་དྲོ་སྐྱིད་སྦྱིན་པའི་བྱེད་ཐབས་རབ་དང་རིམ་པ་བཏོན་པའི་ནང་། ཞིང་པ་ལས་མི་གཅིག་སྡུད་ཆེ་བའི་གཞི་རིམ་གྱི་འཐབ་ས་དང་པོར་བསྐྱོད་དེ། འཚམས་འདྲིའི་བྱེད་སྒོ་རྒྱ་ཁྱབ་ངང་སྤེལ་ནས་ཞིང་པ་ལས་མིར་འཕྲད་པའི་ཐོལ་བྱུང་དང་ཁ་ཚ་དགོས་གཏུགས་ཀྱི་གཞི་རྩའི་འཚོ་བའི་དཀའ་ངལ་དུས་ཐོག་ཏུ་སེལ་དགོས་པ་དང་། ཕ་ཡུལ་དང་ལས་གནས་ཐོག་ལོག་སྐབས་ཀྱི་འགྲིམ་འགྲུལ་དགོས་མཁོ་རང་འགུལ་ངང་མཐིལ་རྟོགས་གྲལ་བཤེར་བྱས་ནས་དགོས་མཁོར་གཞིར་བཟུང“གནས་གཅིག་ནས་གནས་གཅིག་བར་གྱི”ཆེད་གཏོང་རླངས་འཁོར་དང་། ཆེད་གཏོང་མེ་འཁོར(འཁོར་སྒྲོམ) གནམ་གྲུ་སོགས་སྐྱེལ་འདྲེན་འཁོར་རིགས་གཙང་གླས་བྱས་ཏེ། ཞིང་པ་ལས་མིས་གཅིག་སྡུད་ཐོག་སྤ་སེ་ཉོ་བར་སྟབས་བདེ་སྐྲུན་དགོས་པ། དྲ་ཐོག་དང་དྲ་ཕྱིའི་ཆེད་དོན་ལས་མི་བསྡུ་བའི་བྱེད་སྒོ་སྣ་ཚོགས་སྒྲིག་འཛུགས་ཞིབ་ཚགས་བྱས་ཏེ་ལས་གནས་ཀྱི་ཆ་འཕྲིན་རིགས་དབྱེ་བྱས་ནས་ཁྱབ་བསྒྲགས་བྱེད་དགོས་པ། ལས་ཞུགས་གསོ་སྦྱོང་གི་འདོད་མོས་གཞིར་བཟུང་། “ལས་གནས་ཀྱི་དགོས་མཁོ་དང་། རྩལ་ནུས་གསོ་སྦྱོང་། རྩལ་ནུས་གདེང་འཇོག ལས་ཞུགས་ཞབས་ཞུ་བཅས་ཟུང་དུ་འབྲེལ་བའི”ཕྱོགས་བཞི་གཞི་གཅིག་གི་རྣམ་གྲངས་ཅན་གྱི་གསོ་སྦྱོང་བྱེད་སྟངས་ཁྱབ་གདལ་གཏོང་དགོས་པ། ནང་དོན་ཕུན་སུམ་ཚོགས་པའི་རིག་གནས་དང་རིག་རྩལ་བྱེད་སྒོ་སྤེལ་ནས་ཞིང་པ་ལས་མིའི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་དགོས་པ། གྲོང་གསེབ་དང་སྡེ་ཁུལ་དུ་བསྐྱོད་ནས་འོས་འགན་སྨན་བཅོས་སོགས་ཀྱི་བྱེད་སྒོ་སྤེལ་ཏེ། བདེ་ཐང་གི་ཤེས་བྱ་དྲིལ་བསྒྲགས་རྒྱ་ཁྱབ་བྱེད་དགོས་པ། ཞིང་པ་ལས་མིའི་ངལ་རྩོལ་འགན་སྲུང་གི་ཁེ་དབང་སྲུང་སྐྱོང་བྱས་ནས་ཞིང་པ་ལས་མིའི་ཁེ་དབང་སྲུང་སྐྱོང་གི་ཐབས་ལམ་ཤར་གཏོང་ཐུབ་པར་བྱེད་དགོས་པ་སོགས་ཚུད་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།