ཞི་ཅིན་ཕིང་གིས་ཧྥིན་ལན་གྱི་ཙུང་ལི་ཨོར་པོ་དང་མཇལ་འཛོམས་གནང་བ།

ཟླ་1ཚེས་27ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་དངོས་གཞིའི་འཚམས་འདྲིར་ཕེབས་པའི་ཧྥིན་ལན་གྱི་ཙུང་ལི་ཨོར་པོ་དང་མཇལ་འཛོམས་གནང་བ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་27ཉིན་གློག་འཕྲིན་འབྱོར་གསལ། ཟླ་1ཚེས་27ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་དངོས་གཞིའི་འཚམས་འདྲིར་ཕེབས་པའི་ཧྥིན་ལན་གྱི་ཙུང་ལི་ཨོར་པོ་དང་མཇལ་འཛོམས་གནང་བ་རེད།
ཞི་ཅིན་ཕིང་གིས་གསུངས་དོན། ཧྥིན་ལན་ནི་ཀྲུང་གོ་གསར་པ་དང་ཕྱི་འབྲེལ་འཛུགས་སྔ་ཤོས་ཀྱི་རྒྱལ་ཁབ་ཀྱི་གྲས་ཤིག་རེད། ཕྱི་འབྲེལ་བཙུགས་ནས་ལོ་76སོང་རིང་། རྒྱལ་སྤྱིའི་དུས་བབ་ལ་འགྱུར་ལྡོག་ཇི་ལྟར་བྱུང་རུང་ཀྲུང་གོ་དང་ཧྥིན་ལན་གྱི་འབྲེལ་བ་ཐོག་མཐའ་བར་གསུམ་དུ་བརྟན་པོའི་ངང་འཕེལ་རྒྱས་ཕྱིན་པ་མ་ཟད། ཕན་ཚུན་བརྩི་འཇོག་དང་། འདྲ་མཉམ་གྱི་ལྟ་སྟངས་འཛིན་པ། འབྱུང་འགྱུར་ལ་ཕྱོགས་པ། མཉམ་ལས་གཉིས་ཕན་བཅས་མཐའ་འཁྱོངས་བྱས་ཡོད། ཀྲུང་གོ་དང་ཧྥིན་ལན་གྱི་མི་དམངས་ཚང་མར་བློ་བརྟན་འགྱུར་མེད་དང་གཞོམ་ཞིག་མེད་པའི་སྙིང་སྟོབས་ལྡན་ཡོད། ཕྱོགས་གཉིས་པོས་ཕན་ཚུན་ཡིད་ཆེས་ཟབ་ཏུ་གཏོང་བ་དང་། སྤེལ་རེས་ལ་ཤུགས་སྣོན་རྒྱག་པ། མཉམ་ལས་ཟབ་ཏུ་གཏོང་བ་བཅས་བྱས་ནས་རང་རང་སོ་སོའི་རྒྱལ་ཁབ་ཀྱི་འཕེལ་རྒྱས་ལ་རམ་འདེགས་བྱས་ཏེ་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་རྩ་དེ་བས་མང་བ་སྐྲུན་དགོས།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གོ་དང་ཧྥིན་ལན་གྱི་མཛའ་གྲོགས་དང་ཕན་ཚུན་ཡིད་ཆེས་ལ་ལོ་རྒྱུས་ཀྱི་རྨང་གཞི་ལྡན་ཡོད། ད་ལོ་ནི་ཀྲུང་གོའི“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཚུགས་ལོ་ཡིན་པས་ཀྲུང་གོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མུ་མཐུད་སྐུལ་འདེད་དང་ཆུ་ཚད་མཐོ་པོས་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་རྒྱུ་རེད། ཕྱོགས་གཉིས་པོས་གཉིས་ཕན་མཉམ་ལས་ཟབ་ཏུ་བཏང་ནས་ནུས་རྒྱུ་ཕྱོགས་སྒྱུར་དང་། འཁོར་རྒྱུག་དཔལ་འབྱོར། ཞིང་ལས་དང་ནགས་ལས་ཐོན་ལས། ཚན་རྩལ་གསར་གཏོད་སོགས་ཁྱབ་ཁོངས་སུ་མཉམ་ལས་ཀྱི་གྲུབ་འབྲས་དེ་བས་མང་བ་གཏོད་དགོས། ཧྥིན་ལན་གྱི་ཁེ་ལས་ཀྲུང་གོའི་ཁྲོམ་རར་ཞུགས་ནས་གོ་ལ་ཧྲིལ་པོའི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་བར་དགའ་བསུ་ཞུ་གི་ཡིན། ཧྥིན་ལན་ནི་གངས་འཁྱགས་ཀྱི་རྒྱལ་ཁབ་སྟོབས་ཆེན་ཞིག་རེད་ལ། ཀྲུང་གོ་ཡང་གངས་འཁྱགས་ཀྱི་རྒྱལ་ཁབ་ཆེན་པོར་གྱུར་ཡོད་པས་ཕྱོགས་གཉིས་པོས་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་གངས་འཁྱགས་མཛའ་གྲོགས་རྒྱུན་མཐུད་བྱེད་དགོས། ཧྥིན་ལན་གྱི་དམངས་ཚོགས་དེ་བས་མང་བ་ཀྲུང་གོར་ཡོང་ནས་གནའ་ཉམས་དོད་ལ་དེང་རབས་ཀྱི་གསོན་ཤུགས་རྒྱས་པའི་ཀྲུང་གོ་ཤེས་ཚོར་བྱེད་པར་ཡོང་རྒྱུའི་དགའ་བསུ་ཞུ་གི་ཡིན།
ཞི་ཅིན་ཕིང་གིས་གསུངས་དོན། དེང་སྐབས་འཛམ་གླིང་ལ་ཉེན་ཁ་དང་འགྲན་སློང་སྣ་ཚོགས་འཕྲད་ཡོད་པས་རྒྱལ་སྤྱིའི་སྤྱི་ཚོགས་ལག་གདང་སྦྲེལ་ནས་ཁ་གཏད་གཅོག་དགོས། ལྷག་པར་དུ་རྒྱལ་ཁབ་ཆེན་པོས་སྣེ་ཁྲིད་དེ་འདྲ་མཉམ་དང་། ཁྲིམས་སྐྱོང་། མཉམ་ལས། ཡིད་རྟོན་བཅས་ལ་སྣང་ཆེན་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཧྥིན་ལན་ཕྱོགས་དང་མཉམ་དུ་མཉམ་འབྲེལ་རྒྱལ་ཚོགས་ལྟེ་བར་བྱས་པའི་རྒྱལ་སྤྱིའི་མ་ལག་དང་རྒྱལ་སྤྱིའི་བཅའ་ཁྲིམས་རྨང་གཞིར་བྱས་པའི་རྒྱལ་སྤྱིའི་སྒྲིག་ལམ་སྲུང་སྐྱོང་བརྟན་པོ་བྱས་ཏེ་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་མཉམ་དུ་ཁ་གཏད་བཅག་ནས་འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་དང་ཀུན་ཕན་བསྟུན་མཁས་ཀྱི་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་ལ་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་གོ་དང་ཡོ་རོབ་ནི་རོགས་ཟླ་ཡིན་པ་ལས་འགྲན་ཡ་མིན། ཕྱོགས་གཉིས་པོའི་མཉམ་ལས་དེ་འགྲན་རྩོད་ལས་ཆེ་བ་དང་ཐུན་མོང་གི་ངོས་འཛིན་དེ་མི་མཐུན་པའི་ཆ་ལས་ཆེ་བ་ཡོད། ཧྥིན་ལན་གྱིས་ཀྲུང་གོ་དང་ཡོ་རོབ་ཀྱི་འབྲེལ་བ་སྐྱོན་བྲལ་དང་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་རྒྱུའི་རེ་བ་ཡོད།
ཨོར་པོ་ཡིས་གསུངས་དོན། ཧྥིན་ལན་དང་ཀྲུང་གོའི་དབར་སྲོལ་རྒྱུན་གྱི་མཛའ་གྲོགས་ཟབ་པ་དང་རྒྱལ་ཁབ་གཉིས་པོའི་འབྲེལ་བ་དེ་ཕན་ཚུན་བརྩི་འཇོག་དང་ཡིད་ཆེས་ཀྱི་རྨང་གཞིའི་ཐོག་བཙུགས་པས་ཡུན་རིང་དང་བརྟན་པོའི་ངང་འཕེལ་རྒྱས་ཕྱིན་ཡོད། ན་ནིང་ཕྱོགས་གཉིས་པོས་ཕྱི་འབྲེལ་བཙུགས་ནས་ལོ་ངོ་75འཁོར་བར་མཉམ་དུ་རྟེན་འབྲེལ་ཞུས་ཡོད། ཧྥིན་ལན་གྱི་ཁེ་ལས་ཀྲུང་གོར་མཉམ་ལས་བྱེད་པར་སྐྱོད་འདོད་ཆེན་པོ་བྱེད་ཀྱི་ཡོད། ཧྥིན་ལན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་པོའི་གཙོ་བདག་དབར་བཞག་པའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་བྱས་ནས་མཐོ་རིམ་དབར་གྱི་འགྲོ་འོང་ཟབ་ཏུ་གཏོང་བ་དང་ཚོང་དོན་དང་། མ་འཇོག གྲངས་འཛིན་དཔལ་འབྱོར། ནུས་རྒྱུ་གཙང་མ། ཞིང་ལས་སོགས་ཁྱབ་ཁོངས་ཀྱི་དངོས་སྒྲུབ་མཉམ་ལས་ཟབ་ཏུ་བཏང་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་བདེ་རྩ་ཆེ་རུ་གཏོང་འདོད་ཡོད། ཧྥིན་ལན་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱེད་ཀྱི་ཡོད། ཧྥིན་ལན་ཕྱོགས་ཀྱིས་ཀྲུང་གོའི་འཕེལ་རྒྱས་ཐད་ཐོབ་པའི་ཕུལ་བྱུང་གྲུབ་འབྲས་ལ་ཡིད་སྨོན་བྱེད་ཀྱི་ཡོད་ལ། ཀྲུང་གོས་རྒྱལ་སྤྱིའི་ལས་དོན་ཁྲོད་དགེ་མཚན་ལྡན་པའི་ནུས་པ་གལ་ཆེན་བཏོན་པར་ཡང་བསྔགས་བརྗོད་བྱེད་ཀྱི་ཡོད། ཀྲུང་གོ་ཕྱོགས་དང་མཉམ་དུ་འབྲེལ་གཏུག་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་སྟེ་འཛམ་གླིང་གི་ཞི་བདེ་བརྟན་ལྷིང་མཉམ་དུ་སྲུང་སྐྱོང་བྱེད་འདོད་ཡོད། ཡོ་རོབ་དང་ཀྲུང་གོའི་འབྲེལ་བ་དགེ་མཚན་ལྡན་པའི་ངང་འཕེལ་རྒྱས་འགྲོ་རྒྱུ་རྒྱུན་འཁྱོངས་བྱེད་པ་ནི་ཧ་ཅང་གལ་འགངས་ཆེ་བ་ཞིག་རེད། ཧྥིན་ལན་གྱིས་ཡོ་རོབ་ཀྱི་འཐབ་ཇུས་རང་བདག་གི་འདོད་ཚུལ་འཛིན་ནས་རང་མོས་ཚོང་དོན་ལ་རྒྱབ་སྐྱོར་བྱས་ཏེ། ཡོ་རོབ་དང་ཀྲུང་གོས་ཚོང་དོན་གྱི་འཁོན་ཐོགས་གནད་དོན་ཐག་གཅོད་འོས་འཚམ་དང་ཕན་ཚུན་དབར་གྱི་འབྲེལ་བ་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་འདོད་ཡོད།
འབྲེལ་ཡོད་གསར་འགྱུར།