ཞི་ཅིན་ཕིང་གིས་ཝེ་ཐེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་སུའུ་ལིན་དང་ཞལ་པར་ནས་བཀའ་མོལ་གནང་བ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་26ཉིན་གློག་འཕྲིན་འབྱོར་གསལ། ཟླ་1ཚེས་26ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཝེ་ཐེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་སུའུ་ལིན་དང་ཞལ་པར་ནས་བཀའ་མོལ་གནང་བ་རེད།
ཞི་ཅིན་ཕིང་གིས་ཝེ་ཐེ་ནམ་གུང་ཁྲན་ཏང་གི་ཚོགས་ཆེན་བཅུ་བཞི་པ་གྲུབ་འབྲས་ཐོབ་པའི་ངང་འཚོགས་པ་དང་སུའུ་ལིན་གྱིས་ཝེ་ཐེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའི་འགན་མུ་མཐུད་བཞེས་པར་རྟེན་འབྲེལ་ཞུས་ཤིང་། བློ་མཐུན་སྤྱི་ཁྱབ་ཧྲུའུ་ཅི་སུའུ་ལིན་གྱིས་གཙོ་བོ་གནང་བའི་ཝེ་ཐེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་གི་འགོ་ཁྲིད་འོག ཝེ་ཐེ་ནམ་གྱིས་ཝེ་ཐེ་ནམ་གུང་ཁྲན་ཏང་གི་ཚོགས་ཆེན་བཅུ་བཞི་པའི་ཐོག་བཏོན་པའི་དམིགས་ཚད་དང་ལས་འགན་ཁག་ལེགས་འགྲུབ་བྱས་ཏེ། ཝེ་ཐེ་ནམ་གྱི“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་སྔ་ཙམ་མངོན་འགྱུར་ཐུབ་ངེས་ཡིན་པའི་ཡིད་ཆེས་ཡོད། ཀྲུང་གོ་དང་ཝེ་ཐེ་ནམ་གྱིས་ལམ་བུ་མི་འགྱུར་བ་དང་བློ་སྟོབས་མི་འགྱུར་བ་མཐའ་འཁྱོངས་བྱས་ཏེ། མཐུན་སྒྲིལ་མཉམ་ལས་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་ལག་གདང་སྦྲེལ་ནས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཕྱོགས་སུ་སྐྱོད་དགོས་ཞེས་གསུངས་པ་རེད།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། མིག་སྔར་ཀྲུང་གོས་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པའི་ཕྱོགས་སུ་སྐྱོད་བཞིན་ཡོད་ལ། ཝེ་ཐེ་ནམ་གྱིས་ཀྱང་མི་རིགས་འཕེལ་རྒྱས་ཀྱི་དུས་རབས་གསར་པ་གཏོད་འགོ་ཚུགས་ཡོད། ང་ཚོས་ངེས་པར་དུ་དད་སེམས་བརྟན་པོ་དང་གཞུང་འཁྱོངས་གསར་འབྱེད་བྱས་ནས། ཉེན་ཁ་དང་འགྲན་སློང་སྣ་ཚོགས་འགོག་སེལ་དང་། སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་མཉམ་དུ་སྲུང་སྐྱོང་བྱས་ཏེ། ཀྲུང་གོ་དང་ཝེ་ཐེ་ནམ་གྱི་འབྲེལ་བའི་ཆབ་སྲིད་ཀྱི་རང་མདངས་ནམ་ཡང་རྒྱུན་འཁྱོངས་བྱེད་དགོས། ཕྱོགས་གཉིས་པོས་ཏང་སྐྱོང་རྒྱལ་སྐྱོང་གི་ཉམས་མྱོང་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པར་མུ་མཐུད་ཤུགས་སྣོན་བརྒྱབ་ནས། མཐོ་རིམ་ཞལ་འཛོམས་དང་། རིགས་པའི་གཞུང་ལུགས་ཀྱི་བགྲོ་གླེང་། ལས་བྱེད་པ་གསོ་སྦྱོང་སོགས་ཀྱི་ལམ་སྲོལ་ཡག་པོ་སྤྱད་དེ། ཏང་གི་སྲིད་སྐྱོང་ཆུ་ཚད་དང་རྒྱལ་ཁབ་ཀྱི་བཅོས་སྐྱོང་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། ཕྱོགས་གཉིས་པོས་འཕེལ་རྒྱས་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ་དང་། ཆུ་ཚད་མཐོ་བའི་གཉིས་ཕན་མཉམ་ལས་ཟབ་ཏུ་གཏོང་བ། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་དེ་བས་མང་བ་སྐྲུན་པ་བཅས་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ཕྱོགས་སུ་མཉམ་དུ་སྐྱོད་དགོས། ཕྱོགས་གཉིས་པོས་རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་མཐུན་སྦྱོར་གཞོགས་འདེགས་བྱེད་པར་ཤུགས་སྣོན་བརྒྱབ་ནས་བཙན་དབང་རིང་ལུགས་དང་དཔུང་ཁག་འགྲན་རྒོལ་ལ་མཉམ་དུ་ངོ་རྒོལ་བྱས་ཏེ། ལག་གདང་སྦྲེལ་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་དགོས།
སུའུ་ལིན་གྱིས་ཀྲུང་གུང་ཀྲུང་དབྱང་གིས་ཝེ་ཐེ་ནམ་གུང་ཁྲན་ཏང་གི་ཚོགས་ཆེན་བཅུ་བཞི་པ་རྒྱལ་ཁའི་ངང་འཚོགས་པར་རྟེན་འབྲེལ་གློག་འཕྲིན་བཏང་གནང་བར་ཐུགས་རྗེ་ཆེ་ཞུས་པ་མ་ཟད། རང་ཉིད་སླར་ཡང་ཝེ་ཐེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིར་བདམས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྨོན་འདུན་བཟང་པོ་ཞུས་པར་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ། ཝེ་ཐེ་ནམ་གུང་ཁྲན་ཏང་གི་ཚོགས་ཆེན་བཅུ་བཞི་པའི་གྲུབ་འབྲས་གཙོ་བོ་གཙོ་གནད་ཐོག་ངོ་སྤྲོད་གནང་བ་དང་། ཝེ་ཐེ་ནམ་གྱིས་རྒྱང་ལམ་གསར་པར་ཀྲུང་གོ་ཕྱོགས་དང་མཉམ་དུ་ལག་གདང་སྦྲེལ་ནས“དེ་བས་དྲུག”གི་བླང་བྱ་ལྟར་སྤྱི་ཚོགས་རིང་ལུགས་ཀྱི་ཁྱིམ་མཚེས་རྒྱལ་ཁབ་དབར་གྱི་མཛའ་གྲོགས་མཉམ་ལས་རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་འདོད་ཡོད། ཀྲུང་གོའི་འཕེལ་རྒྱས་ཀྱིས་ཐོག་མཐའ་བར་གསུམ་དུ་ཝེ་ཐེ་ནམ་གྱི་འཕེལ་རྒྱས་ལ་བློ་སྒོ་འབྱེད་ཅིང་རྩ་ཆེའི་ཉམས་མྱོང་མཁོ་འདོན་བྱས་ཡོད། ཝེ་ཐེ་ནམ་གྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་མཐའ་འཁྱོངས་བྱ་རྒྱུ་ཡིན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་གནང་བའི་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པའི་འདུ་ཤེས་དང“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་དང་། དེ་བཞིན་གོ་ལ་ཧྲིལ་པོའི་གྲོས་འགོ་ཆེན་པོ་བཞིར་མུ་མཐུད་རྒྱབ་སྐྱོར་བྱེད་པ་མ་ཟད། ཀྲུང་གོ་ཕྱོགས་དང་མཉམ་དུ་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཕྱི་འབྲེལ་དང་། རྒྱལ་སྲུང་། སྤྱི་བདེ་བཅས་ཀྱི་མཉམ་ལས་ལ་སྐུལ་འདེད་གཏོང་བ། ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་ཟབ་ཏུ་གཏོང་བ། རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་མཛའ་གྲོགས་ཟབ་ཏུ་གཏོང་བ། རྙོག་འཛིང་དང་འགྱུར་ལྡོག་ཆེ་བའི་རྒྱལ་སྤྱིའི་དུས་བབ་འོག་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ། ཕྱོགས་མང་རིང་ལུགས་དར་སྤེལ་གཏོང་བ། སྲུང་སྐྱོང་རིང་ལུགས་ལ་ངོ་རྒོལ་བཅས་བྱས་ནས་ཝེ་ཐེ་ནམ་དང་ཀྲུང་གོའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།
ཞི་ཅིན་ཕིང་དང་སུའུ་ལིན་གྱིས་ཕན་ཚུན་དཔྱིད་གསར་གྱི་འཚམས་འདྲི་ཞུས་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་བདེ་སྐྱིད་ཁམས་བཟང་ཡོང་བའི་སྨོན་འདུན་ཞུས་པ་རེད།
འབྲེལ་ཡོད་གསར་འགྱུར།