དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • 2025ལོར་སྡེབ་ཚོང་དང་སིལ་ཚོང་ལས་རིགས་ཀྱི་འཕར་ཐང་སྒོར་དུང་ཕྱུར་ཁྲི་14.6ཟིན་པ།

    ལག་ཐོགས་ཁ་པར་གྱི་ཁྲོམ་རའི་གཞི་ཁྱོན་སྒོར་དུང་ཕྱུར་ཁྲི་ལས་བརྒལ་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-01-27

    གསར་འགོད་པར་ཚོང་དོན་པུའུ་ནས་ཤེས་རྟོགས་བྱུང་བར། 2025ལོར་རང་རྒྱལ་གྱི་སྡེབ་ཚོང་དང་སིལ་ཚོང་ལས་རིགས་ཀྱི་འཕེལ་ཕྱོགས་ཡག་པོ་ཡོད་པས་རྒྱལ་ནང་གི་དགོས་མཁོ་ཕྱོགས་ཡོངས་ནས་ཆེ་རུ་གཏོང་བ་དང་རྒྱལ་ནང་གི་ཁྲོམ་རའི་རྒྱ་སྟོབས་ཆེ་རུ་གཏོང་བར་འདེགས་སྐྱོར་ནུས་ལྡན་ཐུབ་ཡོད། 2025ལོར་རང་རྒྱལ་གྱི་སྡེབ་ཚོང་དང་སིལ་ཚོང་ལས་རིགས་ཀྱི་འཕར་ཐང་སྒོར་དུང་ཕྱུར་ཁྲི་14.6ཟིན་ནས་དུས་མཚུངས་ལས་5.0%འཕར་ཞིང་། GDPཡི་བསྡུར་གྲངས་ཀྱི་10.4%བཟུང་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད་པ་རེད།

    རྙིང་པ་གསར་པར་བརྗེ་བའི་ཕན་འབྲས་མངོན་གསལ་དོད་པ་དང་རང་རྒྱལ་ནས་ཐོན་པའི“དར་སོ་ཆེ་བའི་ཐོན་རྫས”ལ་རྒྱ་ཁྱབ་ཏུ་དགའ་པོ་བྱེད་ཀྱི་ཡོད། འཛད་ཟོག་རྙིང་པ་གསར་པར་བརྗེ་བའི་སྲིད་ཇུས་ལག་བསྟར་བྱས་ཚུན། ཁྱིམ་སྤྱོད་གློག་ཆས་རྙིང་པ་གསར་པར་བརྗེ་ཚད་རིམ་རྩིས་བརྒྱབ་ན་དུང་ཕྱུར་1.92ལྷག་ཙམ་ཟིན་ཡོད་པ་དང་ལག་ཐོགས་ཁ་པར་སོགས་གྲངས་འཛིན་ཐོན་རྫས་གསར་པ་ཁྲི་9100ལྷག་ཙམ་ཉོས་ཡོད། སྲིད་ཇུས་ཀྱི་སྐུལ་ཁྲིད་འོག 2025ལོར་ཁྱིམ་སྤྱོད་གློག་ཆས་དང་ལག་ཐོགས་ཁ་པར་གྱི་ཁྲོམ་རའི་གཞི་ཁྱོན་སྒོར་དུང་ཕྱུར་ཁྲི་ཡི་འགག་སྒོ་ཆེན་པོ་ལས་བརྒལ་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད། རྙིང་ཁུངས་མིང་ཅན་ཚོང་ཟོག་ལ་དགའ་བསུ་ཆེན་པོ་ཐོབ་ཡོད། 2025ལོར་ས་གནས་ཁག་གིས“རྙིང་ཁུངས་མིང་ཅན་གྱི་དགའ་ནེའུ་དུས་ཆེན”གྱི་ཁྱད་ལྡན་བྱེད་སྒོ་ཐེངས་271གཉེར་བས་དྲ་ཐོག་དང་དྲ་ཕྱིའི་ཕྱིར་ཚོང་དངུལ་འབོར་སྒོར་དུང་ཕྱུར་226.6ཟིན་པར་སྐུལ་ཁྲིད་ཐུབ་ཡོད། ལས་སྟེགས་ཁེ་ལས་ཀྱི་གྲངས་གཞི་ལས་མངོན་པར། 2025ལོར་ཀྲུང་ཧྭའི་རྙིང་ཁུངས་མིང་ཅན་གྱི་བཟའ་བཏུང་ཁེ་ལས་ཀྱི་ཟ་ཁང་ནང་ཉོ་ཚོང་བྱས་པའི་དངུལ་འབོར་དུས་མཚུངས་ལས་21.6%འཕར་ཡོད་པ་རེད།

    ཁྲོམ་རའི་འཁོར་རྒྱུག་བརྟན་ཐོག་ཡར་འཕེལ་དང་ལས་རྣམ་གྱི་འཕེལ་ཕྱོགས་བཟང་པོ་ཡོད་ཅིང་། སྡེབ་ཚོང་ལས་རིགས་ནས་བལྟས་ན། 2025ལོར་ཚོང་དོན་པུས་གཙོ་གནད་ཐོག་འབྲེལ་གཏུག་བྱེད་པའི་ཚོང་ཟོག་ཁྲོམ་རའི་ཚོང་འགྲིག་ཚད་དུས་མཚུངས་ལས་3.6%དང་ཁེ་བཟང་དུས་མཚུངས་ལས་9.7%འཕར་ཞིང་། དེའི་ནང་བཟོ་ལས་འཛད་སྤྱོད་ཐོན་རྫས་རིགས་ཀྱི་ཁྲོམ་རའི་ཚོང་འགྲིག་ཚད་དུས་མཚུངས་ལས་9.1%འཕར་ཡོད། སིལ་ཚོང་ལས་རིགས་ནས་བལྟས་ན། 2025ལོར་རང་རྒྱལ་གྱི་ཚོང་ཟོག་སིལ་ཚོང་དངུལ་འབོར་སྒོར་དུང་ཕྱུར་ཁྲི་44.3ཟིན་པ་དེ་དུས་མཚུངས་ལས་3.8%འཕར་ནས་འཕར་ཚད་2024ལོ་ལས་བརྒྱ་ཆའི་གྲངས་0.6མཐོ་རུ་ཕྱིན་ཡོད། བཅད་གྲངས་ཡན་གྱི་སིལ་ཚོང་ལས་རིགས་ཚན་པའི་ཁྲོད་སྟབས་བདེའི་ཚོང་ཁང་དང་། སྒོ་རྩིས་ཚོང་ཁང་། ཆེད་ལས་ཚོང་ཁང་། བརྒྱ་ཟོག་ཚོང་ཁང་བཅས་ཀྱི་སིལ་ཚོང་དངུལ་འབོར་དུས་མཚུངས་ལས་5.5%དང་། 4.3% 2.6% 0.1%བཅས་སོ་སོར་འཕར་བ་དང་། མཛོད་ཉར་ཚོགས་མིའི་ཚོང་ཁང་དང་། མཉམ་འདུས་ཚོང་ཁང་། ཚོང་པ་མེད་པའི་ཚོང་ཁང་བཅས་ཀྱི་སིལ་ཚོང་དངུལ་འབོར་གྲངས་གནས་གཉིས་འཕར་རྒྱུ་རྒྱུན་འཁྱོངས་ཐུབ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།