དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • 2025ལོར་རང་ལྗོངས་ཀྱིས་ཞིང་པ་དང་ཕྲན་ཚེགས་ཁེ་ལས་ལ་དངུལ་བུན་སྒོར་དུང་ཕྱུར་7.2བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-01-27

    ཚེས་22ཉིན། གསར་འགོད་པར་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་ལས་ཁང་གིས་འཚོགས་པའི་2025ལོའི་བོད་ཀྱི་དངུལ་རྩའི་འཁོར་རྒྱུག་གནས་ཚུལ་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། ཉེ་བའི་ལོ་ཤས་རིང་། ཀྲུང་གོ་མི་དམངས་དངུལ་ཁང་བོད་རང་སྐྱོང་ལྗོངས་ཡན་ལག་དངུལ་ཁང་གིས་དངུལ་རྩའི་ཞབས་ཞུའི་ཁོར་ཡུག་ལེགས་སུ་གཏོང་རྒྱུ་དེ་ལས་དོན་གྱི་ཤུགས་རྒྱག་སར་བརྩིས་ཏེ། ཀུན་ཕན་དངུལ་རྩའི་གཙོ་གནད་ཁྱབ་ཁོངས་དང་འགག་རྩའི་ལྷུ་ཚིགས་ལ་དམིགས་ནས་ཤུགས་འདོན་གནད་སྨིན་བྱས་ཡོད། 2025ལོར་ཞིང་པ་དང་ཕྲན་ཚེགས་ཁེ་ལས་ལ་དངུལ་བུན་སྒོར་དུང་ཕྱུར་7.2བཏང་ནས་ཞིང་འབྲེལ་ཁྱབ་ཁོངས་ལ་ཡིད་རྟོན་དངུལ་བུན་གྱི་རྒྱབ་སྐྱོར་གནད་སྨིན་བྱས་པ་དང་། རིམ་རྩིས་བརྒྱབ་ན་ཡང་བསྐྱར་དངུལ་འབབ་སྔ་སློག་སྒོར་དུང་ཕྱུར་6བཏང་ནས་ཚང་མ་ཞིང་པ་དང་ཕྲན་ཚེགས་ཁེ་ལས་དང་དམངས་གཉེར་ཁེ་ལས་ཐད་སྤྱད་ཡོད་པ་རེད།

    ཀྲུང་གོ་མི་དམངས་དངུལ་ཁང་བོད་རང་སྐྱོང་ལྗོངས་ཡན་ལག་དངུལ་ཁང་ཡིད་རྟོན་དངུལ་བུན་སྲིད་ཇུས་དོ་དམ་ཁྲུའུ་ཡི་ཁྲུའུ་ཀྲང་ཚེ་དབང་རབ་བརྟན་གྱིས། 2025ལོར་ལྗོངས་ཡོངས་ཀྱི་ཕྲན་ཚེགས་ཁེ་ལས་ལ་ཡིད་རྟོན་དངུལ་བུན་གཏོང་ཚད་མུ་མཐུད་མང་དུ་བཏང་ཡོད་ཅེས་ངོ་སྤྲོད་བྱས་ཤིང་། ཟླ་12པའི་ཟླ་མཇུག་ཏུ་ལྗོངས་ཡོངས་ཀྱི་ཕྲན་ཚེགས་ཁེ་ལས་ཀྱི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་1331ཟིན་ནས་དུས་མཚུངས་ལས་14.6%འཕར་ཡོད། ལྗོངས་ཡོངས་ཀྱི་ལས་གཏོད་གསར་གཏོད་ཀྱི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་181.21ཟིན་ནས་ལོ་འགོ་ལས་18.83%འཕར་ཏེ་ཁྲོམ་རའི་བྱེད་པོའི་ལས་གཏོད་གསར་གཏོད་འཕེལ་རྒྱས་ལ་རྒྱབ་སྐྱོར་ནུས་ལྡན་བྱས་ཡོད། 2025ལོར་ལྗོངས་ཡོངས་ཀྱིས་སྲིད་གཞུང་དང་། དངུལ་ཁང་། ཁེ་ལས་བཅས་དབར་མ་དངུལ་བསྡུ་སྒྲིལ་སྦྲེལ་མཐུད་ཀྱི་བྱེད་སྒོ་ཁྱོན་ཐེངས་145སྒྲིག་འཛུགས་བྱས་པ་དང་། རིམ་རྩིས་བརྒྱབ་ན་ཡིད་རྟོན་ཐོབ་པའི་ཁེ་ལས་1142ལ་དངུལ་འབོར་སྒོར་དུང་ཕྱུར་57.94ཟིན་པའི་ནང་། དངུལ་བུན་བཏང་བའི་ཁེ་ལས་959དང་དངུལ་འབོར་སྒོར་དུང་ཕྱུར་25.67ཟིན་ཡོད་པ་རེད། ཟླ་12པའི་ཟླ་མཇུག་ཏུ་ལྗོངས་ཡོངས་ཀྱི་ཞིང་འབྲེལ་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་1394ཟིན་ནས་ལོ་འགོ་ལས་6.5%འཕར་ཡོད། ལྗོངས་ཡོངས་ཀྱིས་རིམ་རྩིས་བརྒྱབ་ན། ཞིང་པར་རོགས་རམ་གྱི་དངུལ་ལེན་ཞབས་ཞུའི་ས་ཚིགས་5588དང་དངུལ་རྩའི་ཕྱོགས་བསྡུས་ཞབས་ཞུའི་ས་ཚིགས་210བསྐྲུན་ནས་གྲོང་གསེབ་ས་ཁུལ་གྱི་དངུལ་རྩའི་ཞབས་ཞུ་ཐོབ་པའི་རང་བཞིན་དང་སྟབས་བདེའི་རང་བཞིན་ཆེ་རུ་ཏན་ཏིག་བཏང་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།