མ་ལ་ཝེའི་ཀྲུང་ཧྥེའི་ཚན་རྩལ་ཁང་།
“རྒྱལ་ཁབ་ཀྱི་ཞིང་ལས་རྣམ་པར་འགྱུར་ལྡོག་གཏོང་བའི་མཉམ་ལས་བྱེད་སྟངས”

མ་ལ་ཝེ་ལི་སཱ་སཱ་ཆི་རྫོང་གི་ཞིང་ལས་ལག་རྩལ་པས་མ་རྨོས་ལོ་ཏོག་འཐོག་བཞིན་པ།

མ་ལ་ཝེ་ཀྲུང་ཧྥེའི་ཚན་རྩལ་ཁང་གི་རིགས་གཅིག་མཁས་ཅན་དང་ཡུལ་དེ་གའི་སློབ་མས་མ་རྨོས་ལོ་ཏོག་གི་ཐོན་འབབ་འཕར་བའི་ལག་རྩལ་ཐད་གྲོས་བསྡུར་བྱེད་བཞིན་པ།
སའེ་མུའུ་ནི་དེ་སྔ་མ་ལ་ཝེའི་ཞིང་ལས་པུའི་ཞིང་ལས་ལག་རྩལ་ཁྱབ་གདལ་གཏོང་མཁན་ཞིག་ཡིན་མོད། ཞིང་ལས་ཤེས་བྱར་ནང་བྱན་མ་ཆུད་པའི་རྐྱེན་གྱིས་ས་གནས་དེ་གའི་ཞིང་དུད་ཀྱི་ཐོན་འབབ་འཕར་བར་རོགས་རམ་བྱེད་མ་ཐུབ་པའི་ཚོར་སྣང་ཆེན་པོ་བྱུང་སྟེ། ཀྲུང་གོར་སློབ་སྦྱོང་ལ་ཡོང་ནས་ཟབ་སྦྱོང་བྱ་རྒྱུའི་ཐག་བཅད་པ་རེད། 2021ལོར་ཁོང་ཀྲུང་ཧྥེའི་ཚན་རྩལ་ཁང་གི་རྣམ་གྲངས་ནང་ཞུགས་པ་དང་། 2024ལོར་ཀྲུང་གོ་ཞིང་ལས་སློབ་ཆེན་ནས་རབ་འབྱམས་པའི་སློབ་གནས་ཐོབ་རྗེས། མུ་མཐུད་སློབ་གྲྭར་བསྡད་ནས་འབུམ་རམས་པའི་སློབ་གནས་འགྲིམ་པ་རེད། དེ་ནི་སའེ་མུའུ་ཀྲུང་གོར་ཟབ་སྦྱོང་བྱེད་རིང་ཕ་ཡུལ་དུ་ལོག་ནས་ལག་ལེན་བྱེད་ཐེངས་གཉིས་པ་ཡིན་པ་དང་། ཁོང་དང་ཨ་ཧྥེ་རི་ཁའི་ཕྱི་སྦྱོང་སློབ་མ་གཞན་དག་བཞི་པོས་ལི་སཱ་སཱ་ཆི་རྫོང་ཞིང་ལས་ལག་རྩལ་ཁྱབ་སྤེལ་ས་ཚིགས་སུ་ས་གནས་དེ་གའི་ཞིང་ལས་ཚོད་ལྟ་དང་། དཔེ་སྟོན། ཞིང་དུད་ཀྱི་ཞིང་ལས་ལག་རྩལ་གསོ་སྦྱོང་བཅས་ཀྱི་ལས་དོན་ལ་མཉམ་དུ་འགན་འཁུར་གྱི་ཡོད་པ་རེད།
ཀྲུང་ཧྥེའི་ཚན་རྩལ་ཁང་གི་རྣམ་གྲངས་དེ་ནི་2019ལོར་ལག་ལེན་བསྟར་འགོ་ཚུགས་ཤིང་། དེ་ནི་ཀྲུང་ཧྥེའི་ཞིང་ལས་སློབ་གསོ་མཉམ་ལས་ཀྱི་གཙོ་གནད་རྣམ་གྲངས་ཤིག་ཡིན་པ་དང་ཀྲུང་གོ་ཞིང་ལས་སློབ་ཆེན་གྱིས་སྣེ་ཁྲིད་དེ་ཀྲུང་གོ་དང་ཨ་ཧྥེ་རི་ཁ་གཉིས་སུ་ལག་ལེན་བསྟར་བར་ཀྲུང་གོའི་སློབ་གསོ་པུའུ་དང་། འཛམ་གླིང་དངུལ་ཁང་། མཉམ་འབྲེལ་རྒྱལ་ཚོགས་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་སོགས་ཕྱོགས་མང་པོའི་རྒྱབ་སྐྱོར་ཐོབ་ཡོད་པ་རེད།
“མ་ལ་ཝེ་ཀྲུང་ཧྥེའི་ཚན་རྩལ་ཁང་གི་ཉེ་འཁོར་གྱི་གྲོང་ཚོ་དང་གྲོང་རྡལ་གྱི་མ་རྨོས་ལོ་ཏོག་གི་ཐོན་འབབ་ལྡབ་གཉིས་འཕར་ནས་ཡུལ་དེ་གའི་ཞིང་དུད་ཀྱི་ཟས་གོས་གནད་དོན་གཞི་རྩའི་ཆར་ཐག་གཅོད་ཐུབ་ཡོད”ཅེས་ཀྲུང་ཧྥེའི་ཚན་རྩལ་ཁང་གི་རྣམ་གྲངས་ཀྱི་འགན་འཁུར་བ་ཀྲུང་གོ་ཞིང་ལས་སློབ་ཆེན་ཐོན་ཁུངས་དང་ཁོར་ཡུག་སློབ་གླིང་གི་དགེ་རྒན་ཆེ་མོ་གཞོན་པ་ཅའོ་ཞའོ་ཆང་གིས་ངོ་སྤྲོད་བྱས་པ་དང་། ཁོང་གིས། རྣམ་གྲངས་དེས་སྔ་རྗེས་སུ་ཁེན་ནི་ཡ་དང་ཨེ་ཙེ་ཨོ་ཕི་ཡ་སོགས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་13ནས་ཡོང་བའི་ཕྱི་སྦྱོང་སློབ་མ་100ལྷག་ཙམ་བསྡུས་ནས་གསོ་སྐྱོང་བྱས་པ་དང་། ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཁག་ཏུ་ཚན་རྩལ་ཁང་6བསྐྲུན་པ་དེ་དག་གྲོང་ཚོ་240དང་ས་ཞིང་མུའུ་ཁྲི་20ལ་ཁྱབ་ཡོད། “ཕྱིས་སུ་ཚན་རྩལ་ཁང་གིས་ཚན་རྩལ་གསར་གཏོད་མུ་མཐུད་སྒུལ་ཤུགས་སུ་བྱས་ཏེ་ཞིང་ལས་ཤེས་ལྡན་པ་དེ་བས་མང་བ་གསོ་སྐྱོང་བྱས་ནས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་དེ་བས་མང་བར་ཕན་པ་བསྐྲུན་རྒྱུ་རེད”ཅེས་བཤད།
འབྲེལ་ཡོད་གསར་འགྱུར།