ཧྲན་ཏུང་གིས་བཟོ་ལས་ཀྱི་ལས་འགན་གལ་ཆེན་འཁུར་བ།
སྒོར་དུང་ཕྱུར་ཁྲི་10.3ཟིན་འདུག ཟླ་1ཚེས་23ཉིན་ཧྲན་ཏུང་ཞིང་ཆེན་གྱིས་2025ལོའི་དཔལ་འབྱོར་གྲུབ་འབྲས་གསལ་སྟོན་བྱས་པ་སྟེ། ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་འགག་སྒོ་གསར་པ་ལས་བརྒལ་ནས་ཀོང་ཏུང་དང་ཅང་སུའུ་ཡི་རྗེས་ཀྱི་སྒོར་དུང་ཕྱུར་ཁྲི་10ལས་བརྒལ་བའི་རྒྱལ་ཡོངས་ཀྱི་ཞིང་ཆེན་གཞན་ཞིག་ཏུ་གྱུར་ཡོད། དེའི་ནང་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་འཕར་ཐང་དུས་མཚུངས་ལས་7.6%འཕར་བ་དེ་རྒྱལ་ཡོངས་ཀྱི་ཆུ་ཚད་ལས་བརྒྱ་ཆའི་གྲངས་1.7གྱིས་མཐོ་བ་ཡོད་པ་རེད།
2024ལོའི་ཟླ་5པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧྲན་ཏུང་དུ་རྟོག་ཞིབ་གནང་སྐབས“ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་གཏིང་ཟབ་བྱེད་པ་དང་། ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བ། དེང་རབས་ཅན་གྱི་ཐོན་ལས་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་བཅས་ལ་སྐུལ་འདེད་གཏོང་བར་ཧྲན་ཏུང་ལ་བྱེད་རིན་ཆེན་པོ་ཡོད”ཅེས་ནན་བཤད་གནང་བ་རེད།
བཟོ་ལས་རིགས་ཆེན་པོ་41ལྡན་པའི་ཞིང་ཆེན་ཞིག་ཡིན་པའི་ངོས་ནས་ཧྲན་ཏུང་གིས་ཐོག་མཐའ་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་ནས། བཟོ་ལས་དཔལ་འབྱོར་དེ“ལས་གྲྭ་ཨང་དང་པོར”བཞག་སྟེ་འདུས་གྲུབ་གློག་ལམ་དང་། མཚོ་འཇིངས་དང་མཁའ་དབྱིངས། ཞིབ་ཚགས་པའི་རྫས་འགྱུར་བཟོ་ལས་སོགས་ཞིང་ཆེན་རིམ་པའི་མཚོན་རྟགས་རང་བཞིན་གྱི་ཐོན་ལས་འཁོར་འབྲེལ་19སྟོབས་ཆེར་ཧུར་ཐག་བཏང་ནས་གསར་མ་འདུས་ཚད་དང་། རིན་ཐང་ལྡན་ཚད། སྔོ་ལྗང་འདུས་ཚད་བཅས་མཐོ་རུ་བཏང་སྟེ་བཟོ་ལས་ཀྱི་ལས་འགན་གལ་ཆེན་འཁུར་ཡོད་པ་རེད།
“གསར་མར”ཚད་བརྒལ་བྱུང་ནས་འགག་རྩའི་འགྱུར་ཚད་དེ་འཕར་ཚད་ཆེ་ཤོས་སུ་གྱུར་པ།
གསར་དར་ཐོན་ལས་དར་ནས་འགག་རྩའི་ལྟེ་བའི་ལག་རྩལ་ལ་སྟོབས་ཤུགས་གཅིག་སྡུད་བྱས་ཤིང་། ཧྲན་ཏུང་གིས་ཐོན་སྐྱེད་ནུས་ཤུགས་གསར་མ་བཟོ་སྐྲུན་ལས་རིགས་ཀྱི་ཁྱབ་ཁོངས་སུ་མགྱོགས་མྱུར་གཅིག་སྡུད་བྱེད་བཞིན་ཡོད་པ་རེད།
2025ལོར་ཧྲན་ཏུང་ཞིང་ཆེན་གྱི་ལག་རྩལ་མཐོ་བའི་བཟོ་སྐྲུན་ལས་རིགས་ཀྱི་འཕར་ཐང་དུས་མཚུངས་ལས་7.1%འཕར་བ་དང་། མཐོ་གསར་ལག་རྩལ་ཐོན་ལས་ཀྱི་ཐོན་རྫས་རིན་ཐང་གིས་གཞི་ཁྱོན་ཡན་གྱི་བཟོ་ལས་ཐོན་སྐྱེད་རིན་ཐང་གི་བསྡུར་གྲངས་བཟུང་ཚད་55.3%ཟིན་ཡོད་པ་རེད།
ཧྲན་ཏུང་གིས“བཟོ་ལས་སྒྱུར་བཀོད་རིམ་སྤོར”གྱི་བྱ་སྤྱོད་ལག་ལེན་བསྟར་ནས། ཁེ་ལས་འབྲིང་ཆུང“སྤུས་ལེགས་དང་སྟོབས་ཆེའི”ཕྱོགས་སུ་རིམ་འཕར་ཡོང་བར་རྒྱབ་སྐྱོར་བྱས་པ་དང་། མིག་སྔའི་བར་རྒྱལ་ཁབ་རིམ་པའི་བཟོ་སྐྲུན་ལས་རིགས་ཀྱི་རྣམ་གྲངས་རྐྱང་པའི་ཨང་དང་པོ་ཐོབ་མཁན་ཁེ་ལས་274ཡོད་པ་རེད།
“རིན་ཐང”དོན་གཉེར་བྱས་ནས་འཁོར་འབྲེལ་བརྟན་པོ་དང་སྟོབས་ཆེར་བཏང་བས་འཕེལ་རྒྱས་ཀྱི་ནུས་ཕྱོད་ཆེ་རུ་ཕྱིན་པ།
ཧྲན་ཏུང་གིས་འཁོར་འབྲེལ་བརྟན་པོ་དང་སྟོབས་ཆེར་གཏོང་བར་དམིགས་ནས། འཁོར་འབྲེལ་དཔོན་གྱིས་སྤྱི་འདོམས་དང་། འཁོར་འབྲེལ་བདག་པོས་སྐུལ་ཁྲིད། འཁོར་འབྲེལ་ཧྲིལ་པོ་མཐུན་སྦྱོར་བཅས་བྱས་ཏེ། མཚོན་རྟགས་རང་བཞིན་གྱི་ཐོན་ལས་འཁོར་འབྲེལ་གྱི་ཚད་བརྒལ་ལས་གྲྭ་ལག་བསྟར་གཏིང་ཟབ་བྱས་ནས་སྲོལ་རྒྱུན་ཐོན་ལས་རིམ་སྤོར་དང་གསར་དར་ཐོན་ལས་སྟོབས་ཆེར་གཏོང་བར་སྐུལ་འདེད་བཏང་ཡོད་པ་རེད།
“ལྗང་མདོག”ལ་བསྟུན་ནས་མདུན་སྐྱོད་བྱས་ཏེ་འཕེལ་རྒྱས་ཀྱི་རྨང་གཞི་འགྲན་རྩོད་ཀྱི་ལེགས་ཆར་གྱུར་པ།
ཆིང་ཏའོ་ཧའེ་ཨེར་ཀྲུང་ཏེ་བཟོ་ལས་གླིང་ཁུལ་དུ་རིག་ལྡན་ནུས་རྒྱུའི་མ་ལག་གིས་ནུས་ཁུངས་ཟད་གྲོན་ལ་གནད་སྨིན་བཀོད་གཏོང་བྱས་ཏེ་ནུས་རྒྱུའི་རྒྱུན་དང་། གྲངས་གཞིའི་རྒྱུན། ཆ་འཕྲིན་རྒྱུན། ཐཱན་རྗེས་སྙེག་རྒྱུན་བཅས“རྒྱུན་བཞི་གཅིག་སྒྲིལ”མངོན་འགྱུར་བྱས་ཏེ། གླིང་ཁུལ་གྱི་ལོ་རེའི་དབྱང་གཉིས་ཐཱན་འགྱུར་འབུད་ཚད་ཏུན་ཁྲི་3.2ཉུང་དུ་གཏོང་རོགས་བྱས་ཡོད། ལྗང་མདོག་ཕྱོགས་སྒྱུར་ལས་གླིང་ཁུལ་རྒྱལ་ནང་གྱི“ཐཱན་མེད་གླིང་ཁུལ”ཁག་དང་པོར་གྱུར་པ་མ་ཟད། ནུས་ཁུངས་གྲོན་ཆུང་གི་གོས་འཁྲུད་འཕྲུལ་ཆས་སོགས་ཐོན་རྫས་ཀྱང་ཐོན་ཡོད། “ལྗང་མདོག་ཐཱན་ཉུང་དེ་ཧའེ་ཨེར་གྱི་ལྟེ་བའི་འགྲན་རྩོད་ནུས་པ་ཞིག་ཏུ་གྱུར་ཡོད”ཅེས་ཧའེ་ཨེར་ཚོགས་པའི་ཏུང་ཧྲི་ཅུས་ཀྱི་ཀྲུའུ་ཞི་དང་དབུ་བཞུགས་ལག་བསྟར་དཔོན་ཀྲོའུ་ཡུན་ཅེ་ཡིས་བཤད།
“ལོ་ལྔ་ཚན་བཅོ་ལྔ་པར”སླེབས་རྗེས། ཧྲན་ཏུང་གིས་དཔེ་མཚོན་ས་ཁོངས་དང་། ལས་རིགས། ཐོན་རྫས་ཀྱི་ཐཱན་ཤུལ་ཚོད་ལྟའི་ལས་དོན་སྤེལ་ཞིང་། ཐོན་རྫས་ཀྱི་ཐཱན་ཤུལ་དོ་དམ་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་ལྗང་མདོག་ཐཱན་ཉུང་གི་མཁོ་སྤྲོད་འཁོར་འབྲེལ་བཏོད་ནས། ཐོན་ལས་འཁོར་འབྲེལ་ཧྲིལ་པོ་ལྗང་མདོག་ཐཱན་ཉུང་ཅན་དུ་ཕྱོགས་སྒྱུར་བྱེད་པར་ཁྲིད་སྟོན་བྱ་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།