དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཀྲུང་གོའི་འཁེལ་འཐག་གོ་ལ་ཧྲིལ་པོའི་ཐོན་ལས་ཀྱི་རྩེར་སོན་ཕྱོགས་སུ་བརྟན་པོ་སྐྱོད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ཆིའུ་ཁྲའོ་དབྱི།   |     སྤེལ་དུས།  2026-01-26

    ཀྲུང་གོའི་འཁེལ་འཐག་ལ་ལོ་ངོ་ཆིག་སྟོང་ལྷག་གི་ལོ་རྒྱུས་ལྡན་པ་དང་དཔེ་མཚོན་གྱི་སྲོལ་རྒྱུན་ཐོན་ལས་ཤིག་རེད། ལོ་དེ་དག་རིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ས་གནས་ཁག་ཏུ་རྟོག་ཞིབ་གནང་རིང་སྲོལ་རྒྱུན་ཐོན་ལས་ཀྱི་ཁེ་ལས་སུ་ཐེངས་མང་ཕེབས་ནས“སྲོལ་རྒྱུན་གྱི་བཟོ་སྐྲུན་ལས་རིགས་ནི་དངོས་ཚན་དཔལ་འབྱོར་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས། ཁྲོམ་རའི་དགོས་མཁོ་ཁོང་དུ་ཆུད་པ་དང་ཚན་རྩལ་གསར་གཏོད་ལ་ཤུགས་སྣོན་བརྒྱབ་སྟེ། སྲོལ་རྒྱུན་ཐོན་ལས་ལ་གསོན་ཤུགས་གསར་པ་རྒྱས་པར་བྱེད་དགོས”ཞེས་ནན་བཤད་གནང་ཡོད།

    རང་རྒྱལ་གྱི་ཀ་རྟེན་ཐོན་ལས་དང་། དམངས་འཚོའི་ཐོན་ལས། ལེགས་ཆའི་ཐོན་ལས་བཅས་གལ་ཆེན་ཞིག་ཡིན་པའི་ངོས་ནས་འཁེལ་འཐག་ལས་རིགས་ཀྱིས་ལས་ཞུགས་བརྟན་དུ་གཏོང་བ་དང་། གསར་གཏོད་ལ་སྐུལ་འདེད་གཏོང་བ། འཛད་སྤྱོད་རྒྱ་ཆེར་གཏོང་བ་སོགས་ཀྱི་ཐད་ནུས་པ་མངོན་གསལ་དོད་པོ་བཏོན་ཡོད།

    གོ་ལ་ཧྲིལ་པོར་བལྟས་ན། ཀྲུང་གོར་འཐུས་སྒོ་ཚང་ཤོས་ཀྱི་འཁེལ་འཐག་བཟོ་ལས་ཀྱི་མ་ལག་ཡོད་ཅིང་། ལོར་གྱོན་ཆས་དུང་ཕྱུར་700ལྷག་ཙམ་ཐོན་སྐྱེད་ཐུབ་པ་དང་འཁེལ་འཐག་ཐོན་རྫས་ཀྱི་གྱོན་ཆས་ཕྱིར་གཏོང་བྱེད་ཚད་ཀྱིས་གོ་ལ་ཧྲིལ་པོའི་འཁེལ་འཐག་ཐོན་རྫས་ཀྱི་གྱོན་ཆས་ཉོ་ཚོང་བྱེད་ཚད་ཀྱི་35%ལྷག་ཙམ་ཟིན་པར་ཐོན་སྐྱེད་གཞི་ཁྱོན་དང་ཉོ་ཚོང་གཞི་ཁྱོན་གཉིས་ཀ་འཛམ་གླིང་གི་ཨང་དང་པོར་སླེབས་ཡོད་པ་རེད།

    སྟོབས་ཤུགས་དེ་བས་ཆེ་བ་དང་། ལག་རྩལ་དེ་བས་གསར་བ། ཁྲོམ་ར་དེ་བས་སྣ་མང་བཅས་ལས་དེང་གི་ཀྲུང་གོའི་འཁེལ་འཐག་དེ་ཐོན་ལས་འཁོར་འབྲེལ་དང་རིན་ཐང་འཁོར་འབྲེལ་གྱི་འབྲིང་རིམ་དང་རྩེར་སོན་ཕྱོགས་སུ་སྐྱོད་བཞིན་ཡོད།

    —— སྤུས་རྟགས་ཀྱི་སྟོབས་ཤུགས་ཆེ་རུ་གཏོང་བ།

    ཀྲེ་ཅང་ཅ་ཤིང་ཕིང་ཧུའུ་གྲོང་ཁྱེར་གྱི་ཕིང་ཧུའུ་ཀྲུང་གོའི་གྱོན་ཆས་ཚོང་རར་བྱ་སྤུའི་གྱོན་ཆས་སྣ་ཚོགས་ཀྱིས་ཁེངས་ཤིང་། ཚོང་ཁང་2300ལྷག་ཙམ་ཡོད་པ་དག་གི་ཚོང་བྲིན་ཁ་རྒྱུག་པོ་ཡོད། “བྱ་སྤུའི་གྱོན་ཆས་དཔེ་གསར་དེར་ཇུས་འགོད་ཀྱི་ཁེ་བེད་བདག་ཐོབ་ཡོད་པས་འཛད་སྤྱོད་པས་ཧ་ཅང་དགའ་པོ་བྱེད་ཀྱི་འདུག”ཅེས་ཀྲེ་ཅང་དབྱི་ཀྲུང་གྱོན་ཆས་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ཏིང་ཝེ་ཡིས་སྤོབས་པ་ཆེན་པོས་བཤད། ཀུང་སིས་རང་བདག་སྤུས་རྟགས་ཀྱི་རྒྱ་སྟོབས་ཆེ་རུ་བཏང་བས་2025ལོའི་ཚོང་གཉེར་ཡོང་འབབ་དུས་མཚུངས་ལས་20%འཕར་ཡོད་པ་རེད།

    ཡུན་རིང་མ་སོང་གོང་། འཛམ་གླིང་སྤུས་རྟགས་ཚོད་ལྟ་ཁང་གིས“འཛམ་གླིང་གི་སྤུས་རྟགས་རྩེ་གྲ་500”ཡི་བང་རིམ་མིང་བྱང་ཁྱབ་བསྒྲགས་བྱས་པར་ཧེང་ལི་དང་། ཧྲེང་ཧུང་། ཝེ་ཆའོ་སོགས་འཁེལ་འཐག་དང་འབྲེལ་བའི་ཁེ་ལས་མང་པོ་ཞིག་གི་བང་རིམ་མཐོ་རུ་ཕྱིན་ཡོད། སྙན་ཞུ་ལས་མངོན་པར། 2025ལོར་ཀྲུང་གོའི་འཛད་སྤྱོད་པས་ཞྭ་གོས་དང་ལྷམ་རིགས་ཀྱི་སྤུས་རྟགས་གདམ་ག་བྱེད་པའི་ཁྲོད་60%ཡིས་རྒྱལ་ནང་ཐོན་རྫས་ཀྱི་སྤུས་རྟགས་བདམས་ཡོད་པ་རེད།

    —— གསར་གཏོད་ཀྱི་མདུན་གྲལ་ལ་བརྩོན་པ།

    པར་འགའ་བརྒྱབ་ནས་གྱོན་ཆས་མངགས་བཟོ་བྱེད་ཐུབ་བམ། ཧོ་པེ་ཞུང་ཨན་ཁུལ་གསར་གྱི་མངགས་བཟོ་དྲ་སྦྲེལ་ཚན་རྩལ་ཚད་ཡོད་ཀུང་སི་མང་པོ་ཞིག་ཏུ“AIཐོག་ནས་གཟུགས་ཚད་འཇལ་བའི”བྱ་རིམ་ཆུང་ངུ་ཁ་ཕྱེ་ནས་པར་བརྒྱབ་ཚེ་སྐར་ཆ་བཅུ་ལས་མ་འགོར་བར་གྱོན་ཆས་ཆེ་ཆུང་གི་ཨང་གྲངས་གྲུབ་པ་མ་ཟད། ད་དུང་འོས་འཚམ་གྱི་བཟོ་ལྟའང་འོས་སྦྱོར་བྱེད་ཀྱི་ཡོད།

    “སྤུས་དག་གྱོན་ཆས་མངག་བཟོ་བྱེད་པར་ལས་རིམ་མང་པོ་ཡོད། ང་ཚོས་མི་ཐབས་རིག་ནུས་ལག་རྩལ་སྤྱད་ནས་མི་ཐབས་ཚད་ལེན་དེ་གྲངས་འཛིན་ཚད་ལེན་དུ་བསྒྱུར་བས་ཐོན་སྐྱེད་ལས་ཕྱོད་70%ཡན་མཐོ་རུ་སོང་ཡོད”ཅེས་ཀུང་སིའི་འགན་འཁུར་བ་ཚའོ་ཕིང་གིས་ངོ་སྤྲོད་བྱས།

    2025ལོའི་ཟླ་9པའི་བར་རང་རྒྱལ་གྱི་འཁེལ་འཐག་ཁེ་ལས་ཀྱི་གྲངས་འཛིན་ཅན་གྱི་ཞིབ་སྤེལ་ཇུས་འགོད་ཡོ་བྱད་ཁྱབ་ཚད་84.9%ཟིན་ནས་འཕར་ཚད་ཅུང་མགྱོགས་པོ་བྱུང་ཡོད།

    —— འཕེལ་རྒྱས་ཀྱི་མཉེན་ཤུགས་ཆེན་པོ་སྐྲུན་པ།

    དར་གོས་སྨི་ཆིག་ཁྲི་ཙམ་བླུགས་པའི་ཟོག་འདྲེན་གྲུ་གཟིངས་ཤིག་ཧྲང་ཧའེ་ནས་ཐོན་ཏེ་མོ་ཞི་ཁོའི་ཕྱོགས་སུ་སྐྱོད། ཅང་སུའུ་ཧྭ་ཅ་དར་གོས་མ་རྐང་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ཡུས་ཅིན་ཅན་གྱིས“དེ་ནི་2025ལོར་མོ་ཞི་ཁོར་ཕྱིར་གཏོང་བྱས་པའི་དར་གོས་ཁག་ཐེངས་གསུམ་པ་དེ་ཡིན་པ་དང་དངོས་ཟོག་ཕྱིར་གཏོང་བྱེད་ཚད་མངོན་གསལ་དོད་པོས་འཕར་ཡོད། འདས་ཟིན་པའི་ལོ་གཅིག་རིང་། ཀུང་སིས་ཨོ་སི་ཁྲུ་ལི་ཡ་དང་། ཝེ་ཐེ་ནམ། ཐུར་ཁེ་སོགས་ཀྱི་ཁྲོམ་ར་གསར་འབྱེད་ཧུར་ཐག་བྱས་པར་ཚོང་ཤག་གསར་པ་མང་དུ་ཕྱིན་ཡོད། ཀུང་སིས་2025ལོ་ཧྲིལ་པོར་ཕྱིར་གཏོང་བྱེད་ཚད་དུས་མཚུངས་ལས་20%ལྷག་ཙམ་འཕར་ཡོད”ཅེས་བཤད།

    ཀྲུང་གོ་འཁེལ་འཐག་བཟོ་ལས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཏང་ཨུད་ཀྱི་ཧྲུའུ་ཅི་དང་ཚོགས་གཙོ་སུན་རུའེ་ཀྲི་ཡིས“གོ་ལ་ཧྲིལ་པོ་ཅན་གྱི་མཁོ་སྤྲོད་འཁོར་འབྲེལ་དྲ་རྒྱ་བརྒྱུད་ཀྲུང་གོའི་འཁེལ་འཐག་ལས་རིགས་ལ་ཐེངས་གྲངས་མང་བ་དང་ཁྱབ་རྒྱ་ཆེན་པོ་མངོན་འགྱུར་ཐུབ་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་བཅངས་ཏེ‘ལོ་ལྔ་ཚན་བཅོ་ལྔ་པའི’རིང་སྤུས་ཚད་དེ་བས་མཐོ་བའི་འཕེལ་རྒྱས་ཀྱི་དམིགས་ཚད་ལ་དམིགས་ནས། ཚན་རྩལ་དང་། དར་བཟོ། ལྗང་མདོག སྐྱོན་བྲལ་བཅས་ཀྱི་འཁེལ་འཐག་དེང་རབས་ཅན་གྱི་ཐོན་ལས་མ་ལག་ཧུར་ཐག་གཏོད་ཀྱི་ཡིན”ཞེས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།