བོད་ལྗོངས་སུ“ཕྱོགས་ཡོངས་ལ་ཁྱབ་པ་གསུམ”གྱི་སློབ་མའི་རོགས་སྐྱོར་སྲིད་ཇུས་མ་ལག་ཆགས་པ།
2025ལོར་མ་དངུལ་སྒོར་དུང་ཕྱུར་52.73བཏང་བ།
ཉེ་ཆར། གསར་འགོད་པར་བོད་རང་སྐྱོང་ལྗོངས་སློབ་གསོ་ཐིང་ནས་ཤེས་རྟོགས་བྱུང་བར། 2025ལོའི་ཟླ་བ་དང་པོ་ནས་བཅུ་གཅིག་པའི་བར་བོད་ལྗོངས་ཀྱི་སློབ་མའི་རོགས་སྐྱོར་ཁ་གསབ་གྲོན་དངུལ་གྱི་ཀྲུང་དབྱང་གི་ཆེད་སྤྱོད་མ་དངུལ་གྱི་སྔོན་རྩིས་ལག་བསྟར་བྱེད་ཚད་93.3%ཟིན་པ་དེ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒྱ་ཆའི་གྲངས་13.6གིས་མཐོ་བ་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། བོད་རང་སྐྱོང་ལྗོངས་སློབ་མའི་རོགས་སྐྱོར་དོ་དམ་ལྟེ་གནས་ཀྱིས“ཁྱིམ་ཚང་ལ་དཀའ་ངལ་ཡོད་པའི་རྐྱེན་གྱིས་སློབ་མ་གཅིག་ཀྱང་སློབ་མཚམས་ཆད་དུ་མི་འཇུག་པའི”དམིགས་ཚད་ལ་གཞིགས་ནས་སློབ་རིམ་ཡོངས་དང་། གཞུང་བཙུགས་དང་དམངས་བཙུགས་སློབ་གྲྭ། ཁྱིམ་ཚང་ལ་དཀའ་ངལ་ཡོད་པའི་སློབ་མ་བཅས་ལ་ཁྱབ་པའི“ཕྱོགས་ཡོངས་ལ་ཁྱབ་པ་གསུམ”གྱི་རོགས་སྐྱོར་སྲིད་ཇུས་མ་ལག་བསྐྲུན་ཏེ། ཁྱིམ་ཚང་ལ་དཀའ་ངལ་ཡོད་པའི་སློབ་མ་སློབ་གྲྭར་མ་ཞུགས་གོང་དང་། སློབ་གྲྭར་ཞུགས་པའི་སྐབས། སློབ་གྲྭར་ཞུགས་རྗེས་སེམས་ཁྲལ་མི་དགོས་པ་བྱས་ཡོད། བསྡོམས་རྩིས་བརྒྱབ་པར་གཞིགས་ན། 2025ལོར། རིམ་རྩིས་བརྒྱབ་ན་རིགས་ཁག་གི་སློབ་མའི་རོགས་སྐྱོར་མ་དངུལ་སྒོར་དུང་ཕྱུར་52.73བཏང་བར་སློབ་མ་མི་ཐེངས་ཁྲི་213.55ལ་རོགས་སྐྱོར་ཐོབ་ཡོད་པ་རེད།
རྨང་གཞིའི་སློབ་གསོ་དང་འབྲིང་རིམ་ལས་རིགས་སློབ་གསོའི་དུས་མཚམས་སུ། སློབ་གསོའི“འགན་ལེན་གསུམ”དང་ལོ་15ཡི་གཞུང་གྲོན་སློབ་གསོའི་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱས་པ་དང་འབྲེལ། འོས་འགན་སློབ་གསོའི་དུས་མཚམས་ཀྱི་ཞིང་འབྲོག་པའི་བུ་ཕྲུག་ལ་འཚོ་བཅུད་ལེགས་གཏོང་འཆར་གཞི་ལག་བསྟར་བྱས་པ་རེད།
མཐོ་རིམ་སློབ་གསོའི་དུས་མཚམས་སུ“བྱ་དགའི་དངུལ་དང་། སློབ་ཞུགས་དངུལ་བུན། སློབ་ཞུགས་རོགས་དངུལ། སློབ་ཞོར་ལས་དངུལ། ཁ་གསབ་དངུལ། སློབ་ཡོན་མི་བསྡུ་བ”བཅས་ཕྱོགས་དྲུག་གཞི་གཅིག་གི་རོགས་དངུལ་མ་ལག་གྲུབ་ཡོད། 2025ལོ་ནས་བཟུང་། ཁ་གསབ་རོགས་དངུལ་མང་པོའི་ཚད་གཞི་སླར་ཡང་མཐོ་རུ་བཏང་བ་སྟེ། རང་སྐྱོང་ལྗོངས་ཀྱི་དགེ་འོས་དང་དེ་བཞིན་ཞིང་འབྲོག་ནགས་ཆུ་ས་གཏེར་རིགས་ཀྱི་ཆེད་ལས་ཀྱི་ལྗོངས་ཕྱིའི་མཐོ་སློབ་འགྲིམས་པའི་སློབ་མའི་ཁ་གསབ་ཚད་གཞི་སྒོར་6600ནས་སྒོར་7300བར་མཐོ་རུ་བཏང་བ་དང་། རང་སྐྱོང་ལྗོངས་ཀྱི་དབུལ་སྒྲོལ་ཁྱིམ་ཚང་གི་སློབ་ཆེན་སློབ་མའི་སློབ་ཡོན་མི་དགོས་པའི་སློབ་གསོའི་སྲིད་ཇུས་ཐད་རང་སྐྱོང་ལྗོངས་ཀྱིས་འགན་འཁུར་བའི་མ་དངུལ་དེ་སློབ་མ་རེར་ལོ་རེར་སྒོར་7000ནས་སྒོར་7700བར་མཐོ་རུ་བཏང་བ། མཐོ་སློབ་ཞིབ་འཇུག་སློབ་མའི་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ་གྱི་ཚད་གཞི་ཡང་དེ་མཚུངས་ཀྱིས་མཐོ་རུ་བཏང་སྟེ་རབ་འབྱམས་པ་དང་འབུམ་རམས་པ་སོ་སོར་སྒོར་10000དང་སྒོར་12000བར་སྤར་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།