དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • “ཕ་ཡུལ་དང་མཉམ་དུ་ཡར་རྒྱས་བྱུང་བ་ནི་འཚར་ལོངས་ཀྱི་བརྒྱུད་རིམ་ཡག་ཤོས་ཡིན”

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ཅང་མོང་།   |     སྤེལ་དུས།  2026-01-24

    འདི་ནི་ཚེ་རིང་སྒྲོལ་མ(གཡོན)ཡིས་བོད་བྱའི་འཚར་ལོངས་གནས་ཚུལ་ལ་ལྟ་བཞིན་པ། (ཡུལ་ཤུལ་ཀྲོའུ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་མཁོ་འདོན་བྱས)

    “བོད་བྱས་ཟ་བ་ནས་དང་བཏུང་བྱ་རི་ཆུ་དྭངས་མ་ཡིན། མ་ཟད་ང་ཚོས་ད་དུང་བོད་བྱའི་བདེ་ཐང་ལ་ལྟ་རྟོག་ཀྱང་བྱེད་ཀྱི་ཡོད”ཅེས་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་ཁྲི་འདུ་རྫོང་སྒ་སྟོད་ཤང་གི་བོད་བྱ་གསོ་ཚགས་རྟེན་གཞིར་ལོ་ན་28ལ་སླེབས་པའི་བོད་རིགས་བུ་མོ་ཚེ་རིང་སྒྲོལ་མས་བྱ་ཚང་འགྲམ་དུ་ལག་ཐོགས་ཁ་པར་ནས་བརྙན་ཐུང་པར་ལེན་བྱེད་ཞོར་བཤད།

    བསམ་ཡུལ་ལས་འདས་པ་ཞིག་ལ། མཐོ་སྒང་གི་བོད་བྱ་གསོ་སྤེལ་མཁས་པ་འདི་ནི་སྔོན་ཆད་ཧྲང་ཧའེ་ཡི་སྨན་ཁང་ཞིག་གི་ལས་ཞུགས་བརྡ་ཐོ་འབྱོར་བའི་མཐོ་རིམ་སློབ་གྲྭའི་ནད་སྐྱོང་ཆེད་ལས་ནས་སློབ་མཐར་ཕྱིན་པའི་སློབ་མ་ཞིག་རེད།

    “ད་ཐེངས་ཁྱིམ་དུ་ལོག་དོན་ནི་བྱ་དེར་ལྟ་རྟོག་བྱེད་ཆེད་ཡིན་པ་ལས་མི་ལ་ནད་སྐྱོང་བྱེད་ཆེད་མིན”

    བོད་བྱ་གསོ་དགོས་པའི་རྒྱུ་མཚན་སྐོར་གླེང་སྐབས་ཚེ་རིང་སྒྲོལ་མས“སློབ་ཆེན་སྐབས་ཀྱི་གློ་བུར་དུ་འཕྲད་པའི་གནས་ཚུལ་ཞིག་ལས་བསམ་བློ་དེ་འཁོར་བྱུང”ཞེས་དགོད་འཚེར་འཚེར་ངང་བཤད།

    སྐབས་དེ་དུས་ཚེ་རིང་སྒྲོལ་མས་ཧྲང་ཧའེ་ཡི་མཐོ་སློབ་ཅིག་ཏུ་ནད་སྐྱོང་ཆེད་ལས་སྦྱོང་བཞིན་ཡོད་པ་དང་། གུང་གསེང་རིང་ཕ་ཡུལ་དུ་ལོག་སྐབས་འགྲུལ་སྐྱེལ་རླངས་འཁོར་ནང་ནས་ལན་ཀྲོའུ་སློབ་ཆེན་གྱི་སློབ་མ་ཞིག་དང་འཕྲད། “ཁོང་ནི་ང་ཚོའི་ཕ་ཡུལ་དུ་ཡོང་བའི་ཡུལ་སྐོར་བ་ཞིག་ཡིན་པ་དང་། ལམ་བསྟན་རྗེས་ཁ་བརྡ་ཅུང་བྱས་པ་ཡིན། དེ་ལྟར་ངེད་གཉིས་སོང”ཅེས་ཚེ་རིང་སྒྲོལ་མས་འདས་དོན་གླེང་།

    ཚེ་རིང་སྒྲོལ་མས“རྗེས་སུ་ཁོང་ང་ཚོའི་འདི་གར་བརྟག་ཞིབ་བྱེད་པར་ཡོང་དུས་ང་ལ་སྐད་སྒྱུར་བྱེད་རོགས་ཞུས་བྱུང་། ང་ཚོ་དུད་ཚང་རེ་རེ་བཞིན་འཚམས་འདྲིར་འགྲོ་སྐབས་དུད་ཚང་ཚང་མས་བོད་བྱ་གསོ་བ་དང་། གྲངས་འབོར་མང་པོ་མེད་ཀྱང་བོད་བྱ་དེ་རིགས་རྣམ་པ་ལེགས་ལ་མགོ་དང་མཇུག་མ་གཉིས་ཀ་གཟེངས་མཐོ་བ་དང་འགྲོ་དུས་ཐང་ཤ་དོད་པོ་ཡོད་པ་མཐོང་། དེ་དུས་ང་ཚོའི་བསམ་པར་བོད་བྱ་འདི་རིགས་ཡག་པོ་གསོ་ཐུབ་ན་ཡོང་འབབ་ཡག་པོ་ཡོང་ངེས་རེད་བསམ་བྱུང་། ང་རང་ལ་ཡང་སྐབས་དེ་དུས་བོད་བྱ་གསོ་བའི་བསམ་བློ་འཁོར་བྱུང”ཞེས་བཤད།

    ཡང་སྙིང་བོད་བྱ་དེའི་རིགས་ལ་དམིགས་བསལ་གང་འདྲ་ཡོད་མེད་ཐད། ཚེ་རིང་སྒྲོལ་མས“དེ་ཚོ་མཐོ་གྲང་གི་མཚོ་བོད་ས་མཐོར་འཚོ་གནས་བྱེད་པས། ཤ་དང་སྒོ་ང་ཞིམ་ལ་འཚོ་བཅུད་ཆེན་པོ་ཡོད། དེ་སྔོན་གུང་གསེང་བཏང་ནས་ཕ་ཡུལ་དུ་ལོག་སྐབས་འབྲོག་པ་ཞིག་གིས་བྱ་ནད་ཕོག་ནས་འཆི་བའི་བྱ་ཕྲུག་ལ་ལྟ་བཞིན་དུ་མིག་ཆུ་གཏོང་གི་ཡོད་པ་མཐོང་སྐབས་ངས་ནད་སྐྱོང་སློབ་ཚན་སྐབས། སྦྱངས་པའི་འབུ་ཕྲ་མེད་པའི་བཀོལ་སྤྱོད་དང་རིམས་ནད་ལྟ་ཞིབ་སོགས་ཀྱི་ཤེས་བྱ་དེ་དག་བོད་བྱ་གསོ་ཚགས་ཐད་ལ་སྤྱད་ན་ཡོང་གི་ཡོད་མེད་ཚོད་ལྟ་ཞིག་བྱེད་དགོས་བསམ་བྱུང”ཞེས་བཤད།

    ཚེ་རིང་སྒྲོལ་མས“སྐབས་དེ་དུས་ང་ལ་ཧྲང་ཧའེ་ཡི་སྨན་ཁང་ཞིག་ནས་ལས་ཞུགས་བརྡ་ཐོ་འབྱོར་བྱུང་། འོན་ཀྱང་ངའི་སེམས་སུ་ཕ་ཡུལ་ལ་རང་ཉིད་དེ་བས་དགོས་མཁོ་ཆེ་བ་ཡོད་སྙམ་བྱུང”ཅེས་བཤད། དེ་ལྟར་ཚེ་རིང་སྒྲོལ་མས་ནད་སྐྱོང་ཆེད་ལས་ཀྱི་དཔེ་དེབ་ཚང་མ་རྡོག་ཆས་བསྡུས་ནས་ཕ་ཡུལ་དུ་འཁྱེར་ལ། སེམས་སུ“ད་ཐེངས་ཁྱིམ་དུ་ལོག་དོན་ནི་བྱ་དེར་ལྟ་རྟོག་བྱེད་ཆེད་ཡིན་པ་ལས་མི་ལ་ནད་སྐྱོང་བྱེད་ཆེད་མིན”ཞེས་བསམས།

    2022ལོར་ཚེ་རིང་སྒྲོལ་མས་མ་དངུལ་སྒོར་ཁྲི་2བསྡུ་རུབ་བྱས་ནས་གཞི་ཁྱོན་ཆུང་བའི་གསོ་ཚགས་ཚོད་ལྟ་བྱས་ལ། ཁྱིམ་གྱི་སྒོ་རའི་ས་ཆ་སྟོང་པ་རྣམས་སྤྱད་དེ་བྱ་དེ་གསོ་འགོ་ཚུགས།

    བྱ་ཕྲུག་ཁག་དང་པོ་ནང་འདྲེན་བྱས་ནས་ཉིན་3ཡང་མ་སོང་བར་ཚེ་རིང་སྒྲོལ་མར་དཀའ་ངལ་ཆེན་པོ་ཞིག་འཕྲད་པ་སྟེ། བྱ་ཕྲུག་2000ནང་ནས་ཕྱེད་ཀ་ཙམ་ཤི་བ་རེད། ཅི་བྱ་གཏོལ་བྲལ་གྱི་གནས་སུ་གྱར་བའི་སྐབས་སུ་ཚེ་རིང་སྒྲོལ་མས་དེ་སྔོན་སྦྱངས་མྱོང་བའི་ནད་སྐྱོང་གི་ཤེས་བྱར་ཕྱིར་དྲན་ཞིབ་ཚགས་བྱས་རྗེས“ཕྱིས་སུ་ངས་སྔོན་ཚུད་ནས་བྱ་དེའི་གནས་ཚུལ་ཟིན་ཐོར་འགོད་དགོས་འདུག”སྙམ།

    ཁོང་གིས་ཉལ་ས་ཐད་ཀར་བྱ་ཚང་འགྲམ་གྱི་ཤིང་ཁང་ཆུང་ཆུང་དུ་སྤོས་པ་དང་། ཉིན་ལྟར་ནད་པར་ལྟ་སྐྱོང་བྱེད་པ་ལྟར་བྱ་ཁྱུའི་ལྟོ་ཆས་ཟ་ཚད་དང་། ཆུ་འཐུང་ཚད། བྱ་བྲུན་བཅས་ཟིན་ཐོར་བཀོད། ཚེ་རིང་སྒྲོལ་མས་འབུ་ཕྲ་མེད་པའི་ནད་སྐྱོང་གི་ལག་རྩལ་ལྟར་བྱ་ཚང་ལ“དུག་སེལ་དུས་ཚོད་རེའུ་མིག”བཟོས་ཏེ་ས་ངོས་ནས་ལྟོ་སྣོད་བར་ཚང་མར་ཚད་གཞི་ལྟར་དུག་སེལ་བྱས།

    མི་ལ་བརྩོན་འགྲུས་ལྡན་གྱུར་ན་མི་འགྲུབ་བྱ་བ་ཅི་ཡང་མེད་ཅེས་པ་ལྟར། ལོ་གསུམ་སོང་རྗེས་བྱ་ཕྲུག་གསོན་ཚད་50%ཡང་མ་ཟིན་པ་ནས་80%བར་འཕར་ཡོད། “ཨ་མ་ལགས། ངས་ནད་སྐྱོང་ཆེད་ལས་སྦྱངས་པ་ཆུད་ཟོས་ཕྱིན་མ་སོང”ཞེས་ཚེ་རིང་སྒྲོལ་མས་ཨ་མར་འཐམས་ཏེ་ངུས།

    “བོད་བྱའི་སྒོ་ང་ཕུད་ཐོན་རྫས་གཞན་དག་གི་ཚོང་ལམ་ཡང་ཡག་པོ་འདུག”

    གསོ་ཚགས་ལེགས་གྲུབ་བྱུང་བའི་ཉམས་མྱོང་ཡོད་པས་ཚེ་རིང་སྒྲོལ་མའི་ལས་ཀ་བྱེད་སེམས་སྔར་ལས་ཆེ་རུ་ཕྱིན། ཁོང་གིས་རང་ཉིད་ཀྱི་བོད་བྱ་དང་ཞིང་འབྲོག་ཐོན་ཟོག་ཀུང་སི་བཙུགས་ནས་བོད་བྱ་གསོ་ཚགས་དང་། བོད་བྱའི་སྒོ་ང་ཕྱིར་ཚོང་། དེ་ཕོ་གསོ་ཚགས་སོགས་ཀྱི་ལས་སྒོའང་གཉེར།

    བོད་བྱ་གསོ་ཚགས་ལག་རྩལ་གསར་པར་བརྟེན་ནས་2023ལོར་ཚེ་རིང་སྒྲོལ་མར་ཁྲི་འདུ་རྫོང་གི་གཞོན་ནུའི་གསར་གཏོད་ལས་གཏོད་འགྲན་བསྡུར་ཆེ་མོའི་ཐོག་དངུལ་གྱི་བྱ་དགའ་ཐོབ་ནས་སྒོར་ཁྲི་4ཡི་རོགས་སྐྱོར་བྱ་དགའ་རག་ཡོད། 2024ལོར་ཁོང་གིས་སླར་ཡང་བོད་བྱ་དང་བོད་བྱའི་སྒོ་ང་ཁྱེར་ནས་ཡུལ་ཤུལ་ཀྲོའུ་ཡིས་གཉེར་བའི་ལས་གཏོད་འགྲན་བསྡུར་ཆེ་མོའི་ཐོག་བྱ་དགའ་ཨང་དང་པོ་བླངས་པ་དང་བྱ་དགའ་སྒོར་ཁྲི་1རག་ཡོད། “དེ་དག་ནི་གཟི་བརྗིད་ཡིན་ལ་སྐུལ་ལྕག་དེ་བས་ཀྱང་རེད། ངས་བྱ་དགའི་དངུལ་དེ་དག་བྱ་ཕྲུག་ཉོ་བ་དང་བྱ་ཚང་རྒྱག་པར་བཏང་བ་ཡིན”ཞེས་ཚེ་རིང་སྒྲོལ་མས་བཤད།

    ཚེ་རིང་སྒྲོལ་མས“ང་ལ་རྒྱབ་སྐྱོར་མི་ཉུང་བ་ཐོབ་བྱུང་། ང་ཚོའི་ཀུང་སི་ཡང་ཡུལ་ཤུལ་ཀྲོའུ་ཡི་ལས་གཏོད་སྐྱོང་གསོ་རྟེན་གཞིའི་གཙོ་གནད་རོགས་སྐྱོར་ཁེ་ལས་ལ་གཏན་འཁེལ་བྱས་པ་རེད”ཅེས་བཤད། འབྲེལ་ཡོད་སྲིད་ཇུས་ཀྱི་རྒྱབ་སྐྱོར་འོག་ཁོང་གི་ཀུང་སིར་ཁྲི་འདུ་རྫོང་ས་མཐོའི་བོད་བྱ་ཐོན་ལས་འཁོར་སྦྲེལ་ཧྲིལ་པོའི་ཁ་གསབ་ཚབ་ཏུ་བྱ་དགའ་སྤྲོད་པའི་རྣམ་གྲངས་ཀྱི་མ་དངུལ་སྒོར་ཁྲི་33རག་ཡོད།

    ཚོང་ལམ་རྒྱ་ཆེར་གཏོང་ཆེད། ཚེ་རིང་སྒྲོལ་མས་ཐད་གཏོང་བྱེད་འགོ་ཚུགས། ཐད་གཏོང་ཐེངས་དང་པོ་བྱེད་སྐབས་ཁོང་དངངས་སྐྲག་ལངས་ནས་སྐད་ཆའང་ཤོད་མ་ཐུབ་པར་གྱུར་པས། པར་ཆས་ཐད་ཀར་བྱ་ཚང་ལ་གཏད་དེ“གཡོག་བྱེད་དང་དུག་སེལ་གྱི་གོ་རིམ”བསྟན། བསམ་ཡུལ་ལས་འདས་པ་ཞིག་ལ། དྲ་གྲོགས་ཚོས“བདག་སྐྱོང་འདི་འདྲ་བྱས་པའི་བོད་བྱ་ནི་ཏན་ཏན་ཡག་པོ་ཡོད་ངེས”ཅེས་བསྔགས་བརྗོད་ཐོབ།

    2025ལོའི་ཟླ་7པར། ཡུལ་ཤུལ་ཀྲོའུ་རུ་གཉེར་བའི་ལས་གཏོད་གསར་གཏོད་ཀྱི་གྲུབ་འབྲས་འགྲེམས་སྟོན་ཐོག་ཚེ་རིང་སྒྲོལ་མར་ཆུ་ཚོད་གཉིས་ནང་སྒོ་ང་3000གི་མངགས་ཐོ་རག་པ་རེད།

    “ཚང་མར་ཡོང་འབབ་བྱུང་བ་མཐོང་རྗེས་རང་ཉིད་ལ་བྱ་དགའ་ཐོབ་པ་ལས་ཀྱང་དགའ་བ་འདུག”

    ཚེ་རིང་སྒྲོལ་མས“ལས་གཏོད་ལ་གྲུབ་འབྲས་ཕྲན་བུ་ཐོབ་པས། ཡུལ་མི་ཚོའི་སྣེ་ཁྲིད་ནས་མཉམ་དུ་ཕྱུག་པོའི་ལམ་དུ་སྐྱོད་འདོད་འདུག”ཅེས་བཤད། ཉེ་བའི་ལོ་གཉིས་ནང་ཁོང་གིས་སློབ་ཡོན་མི་དགོས་པར་གསོ་ཚགས་ཀྱི་གསོ་སྦྱོང་ཐེངས་བཅུ་གྲངས་སྒྲིག་འཛུགས་བྱས་པ་དང་། ཡུལ་མི་80ལྷག་ཙམ་གྱིས་ཁོང་དང་མཉམ་དུ་ཚན་རིག་དང་མཐུན་པའི་ངང་བོད་བྱ་གསོ་ཚགས་བྱས་ཡོད།

    ཡུལ་མི་ཚེ་རིང་བཟང་མོས་ཐོག་མར་སེམས་ཁྲལ་ཆེན་པོ་བྱེད་ལ། ཚེ་རིང་སྒྲོལ་མས་རང་ཉིད་ཀྱི“བྱ་གསོའི་གཡོག་བྱེད་ཟིན་ཐོ”ཁྱེར་ནས་ཁོ་མོར་བྱ་དེ་ཐང་པོ་ཡོད་མེད་ལྟ་ཞིབ་དང་བྱ་ཚང་གི་རྒྱུན་གཏན་གྱི་དུག་སེལ་བྱེད་སྟངས་རེ་རེ་བཞིན་ཞིབ་ཚགས་པོས་བསླབས། ཚེ་རིང་སྒྲོལ་མའི་རོགས་རམ་འོག་ཚེ་རིང་བཟང་མོར་སྒོ་ང་འཚོང་ཐེངས་དང་པོ་ཁོ་ནར་ཡོང་འབབ་སྒོར་3000བྱུང་ཡོད།

    སྲིད་གཞུང་གི་རྒྱབ་སྐྱོར་འོག་ཚེ་རིང་སྒྲོལ་མས་ད་དུང་ཡུལ་མི་ཚོའི་སྣེ་ཁྲིད་དེ་མཉམ་ལས་ཁང་བཙུགས་པ་དང་། གསོ་ཚགས་དུད་ཚང་20ལྷག་ཙམ་ལ“བྱ་ཕྲུག་ངས་སྤྲད་ཆོག ལག་རྩལ་ཡང་ངས་སློབ་ཆོག ད་དུང་སྒོ་ང་ཡང་ངས་བསྡུས་ཆོག”ཅེས་ཁས་བླངས། ཁོང་གིས“ཚང་མར་ཡོང་འབབ་བྱུང་བ་མཐོང་རྗེས་རང་ཉིད་ལ་བྱ་དགའ་ཐོབ་པ་ལས་ཀྱང་དགའ་བ་འདུག”ཅེས་ཤོད་ཀྱི་ཡོད།

    མཚོ་སྔོན་དུ་ཚེ་རིང་སྒྲོལ་མ་ལྟ་བུའི་ཞིང་པ་གསར་པ་ཇེ་མང་དུ་འགྲོ་བཞིན་ཡོད། ཁོང་ཚོས་ཆེད་ལས་ཤེས་བྱ་དང་གསར་གཏོད་ཀྱི་བསམ་བློར་བརྟེན་ནས་ཕ་ཡུལ་གྱི་འཕེལ་རྒྱས་ལ་གསོན་ཤུགས་བསྣན་ཡོད། ཉེ་བའི་ལོ་ཤས་རིང་མཚོ་སྔོན་གྱིས་ལས་གཏོད་ལ་བརྟེན་ནས་ལས་ཞུགས་ལ་སྐུལ་ཁྲིད་བྱེད་པའི་གསོན་ཤུགས་རྒྱུན་མཐུད་འཕེལ་བ་དང་། མཐོ་སློབ་སློབ་ཐོན་སློབ་མ་སོགས་གཙོ་གནད་ཚོགས་སྤྱིས་མ་འཇོག་ཉུང་བ་དང་ཉེན་ཁ་ཆུང་བའི་ལས་གཏོད་རྣམ་གྲངས་གཉེར་བར་རྒྱབ་སྐྱོར་བྱས་ཤིང་། ལས་སྒོའི་བློ་འདྲི་དང་། མཛུབ་ཁྲིད་རོགས་སྐྱོར། སྐྱོང་གསོའི་ཞབས་ཞུ། མ་དངུལ་བསྡུ་སྒྲིལ་ལ་རྒྱབ་སྐྱོར་བཅས་གཞི་གཅིག་ཏུ་འདུས་པའི་ལས་གཏོད་ཞབས་ཞུའི་ལམ་སྲོལ་བཙུགས་ཏེ་ལོ་རེར་ཆ་སྙོམས་མི་ཐེངས་ཁྲི་1.19ལ་ལས་གཏོད་ཞབས་ཞུ་མཁོ་འདོན་བྱས་པ་དང་། ངལ་ནུས་སྤུས་རྟགས་49བརྒྱུད་མི་ཐེངས་ཁྲི་40ལྷག་ཙམ་ལས་གཏོད་ལས་ཞུགས་ཐུབ་པར་སྐུལ་ཁྲིད་བྱས་ཡོད།

    མུན་པ་རུབ་པ་དང་བསྟུན་ནས་བྱ་དེ་རྣམས་རིམ་པར་བྱ་ཚང་དུ་འཛུལ། ཚེ་རིང་སྒྲོལ་མས་མགོ་བོ་བཏེགས་ཏེ་རྒྱང་རིང་ལ་ལྟ་བཞིན“ཕ་ཡུལ་གྱི་ས་གཞིའི་ཐོག་ཆེས་མཛེས་སྡུག་ལྡན་པའི་ལང་ཚོའི་མེ་ཏོག་ལྷུག་པོར་བཞད་ངེས”ཞེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།