ཀྲུང་གོ་དང་ཐེ་ལན་གྱི་དབུལ་པོ་ཉུང་གཏོང་གི་མཉམ་ལས་ལ་གྲུབ་འབྲས་གསར་པ་བཏོད་པ།

འདི་ནི་ཐེ་ལན་ཁུང་ཅིང་ཧྥུའུ་པན་ཁེ་གྲོང་རྡལ་གྱི་ཀྲེན་ཀྲང་ཅཱ་གཱ་ཕུང་གིས་ས་གནས་དེ་གའི་ཡུལ་མི་དང་ལྷན་དུ་ཀྲུང་གོས་རོགས་སྐྲུན་བྱས་པའི་འགག་རགས་འགྲམ་དུ་སྤེལ་རེས་བྱེད་བཞིན་པ།
ཤི་ཧོ་ཆུ་བོ་གྲོང་ཚོའི་དཀྱིལ་ནས་ལྷུང་ལྷུང་དུ་འབབ་བཞིན་ཡོད་པ་དང་། སྙན་ཞིང་འཇེབས་པའི་བྱ་བྱིའུ་ཡི་སྐད་སྒྲའི་ཁྲོད་ཐེ་ལན་བྱང་ཤར་རྒྱུད་ཀྱི་ཁུང་ཅིང་ཧྥུའུ་པན་ཁེ་གྲོང་རྡལ་པན་ཁེ་གྲོང་ཚོས་ཞོགས་པའི་ཉི་གཞོན་གསར་པ་ཞིག་བསུས་པ་རེད། མེ་ཏོག་པད་མའི་འདབ་མའི་སྟེང་དུ་ཉི་འོད་རབ་ཏུ་འཕྲོས་ཏེ་མེ་ཏོག་པད་མའི་གསེབ་ཏུ་ཉ་ཕྲུག་ཅི་དགར་རྒྱུ་ཞིང་། མཁའ་རླུང་ཁྲོད་ནས་འབྲས་ཀྱི་དྲི་ཞིམ་ལྷང་ལྷང་དུ་འཐུལ་འོང་། “ངས་པད་རྩ་བཀོག་ནས་ཁྲོམ་དུ་འཚོང་བ་དང་། ད་དུང་གཙང་པོ་ནས་བཟུང་བའི་ཉ་དང་ངོགས་གཉིས་སུ་བཏབ་པའི་ཆུ་འབྲས་ཀྱང་འཚོང་གི་ཡོད། དེ་དག་རང་ཁྱིམ་ལ་འདང་ངེས་ཡོད་པ་མ་ཟད་འཚོང་རྒྱུའང་ཡོད”ཅེས་ཆུ་འགྲམ་དུ་སྡོད་པའི་ཞིང་དུད་ཧྲན་ཏི་ཡིས་ཉ་དྲ་བསྡུ་ཞོར་དུ་གསར་འགོད་པར་ཅི་འཕྲོས་མོལ་འཕྲོས་བཤད།
ཁུང་ཅིང་ཧྥུའུ་ནི་ཐེ་ལན་གྱི་འབྲས་དང་མུའུ་ཧྲུའུ་འདེབས་འཛུགས་ཁུལ་གལ་ཆེན་ཞིག་རེད། ས་གནས་དེ་གའི་ཞིང་པ་ཆི་ཨན་གྱིས“ངས་ལེ་5(ལེ་1ལ་སྨི་ངོས་གྲུ་1600ཙམ་ཡོད་པ)ཡི་ཆུ་འབྲས་བཏབ་པར་འབྲས་སྤྱི་རྒྱ་སྟོང་ཁ་ཤས་བསྡུ་ཐུབ་བྱུང་། 2025ལོར་ཐན་པ་བསྟན་ནས་ཆར་ཆུ་དཀོན་ཡང་། སྟབས་ལེགས་པ་ཞིག་ལ་འགག་རགས་བརྒྱབ་པས་ཐོན་འབབ་ཆག་མེད”ཅེས་གསར་འགོད་པར་བཤད།
ཆི་ཨན་གྱིས་བཤད་པའི་འགག་རགས་ནི་པན་ཁེ་གྲོང་ཚོར་གནས་ཤིང་། དེ་ནི་ཁུང་ཅིང་དུ་བཅའ་སྡོད་ཀྲུང་གོའི་སྤྱི་ཁྱབ་ཁེ་སྐྱོང་ལས་ཤག་གིས་མ་དངུལ་བཏང་ནས་བསྐྲུན་པའི་དབུལ་སྐྱོར་རྣམ་གྲངས་ཤིག་ཡིན་པ་དང་། 2025ལོའི་ཟླ་དང་པོར་དངོས་སུ་ལས་མཇུག་འགྲིལ་ནས་སྤྱོད་འགོ་ཚུགས་ཡོད། འགག་རགས་ཀྱི་ཞེང་ཚད་ལ་སྨི་4ཡོད་པ་དང་འགྲམ་ངོགས་སུ་ད་དུང་སྨི་30ཡོད་པའི་འགོག་སྲུང་ཆུ་རགས་ཀྱང་བསྐྲུན་ཡོད།
“འགག་རགས་བསྐྲུན་རྗེས་ཆུ་མོ་དེ་བས་གཙང་དུ་ཕྱིན་པ་མ་ཟད། ཉའང་མང་དུ་སོང་ནས། སྐབས་རེ་ཉིན་གཅིག་ལ་ཉ་རྐང་20ལྷག་ཙམ་འཛིན་ཐུབ་ཀྱི་འདུག”ཅེས་ཉ་འཛིན་བཞིན་པའི་ཡུལ་མི་པཱ་ཕིང་གིས་གསར་འགོད་པར་བཤད།
པན་ཁེ་གྲོང་རྡལ་གྱི་ཀྲེན་ཀྲང་ཅཱ་གཱ་ཕུང་གིས“འགག་རགས་ཀྱིས་ཐན་སྐྱོན་གྱི་ཤུགས་རྐྱེན་ཆུང་དུ་བཏང་ནས་འབྲུ་རིགས་ཀྱི་བདེ་འཇགས་ལ་འགན་སྲུང་བྱེད་པར་ཕན་ཐོགས་ཡོད། གོམ་སྟབས་རྗེས་མར་པན་ཁེ་གྲོང་རྡལ་གྱིས་འདེབས་འཛུགས་ཀྱི་སྣ་ཁ་དཔེར་ན། ཀྲོ་མ་ཀྲུ་དང་། ཤིས་ཀྭ རྡོ་ལུ་མ། ཁུའུ་ཀྭ་སོགས་མང་དུ་གཏོང་གི་ཡིན། ས་བོན་འདེབས་གསོ་དང་། ཞིང་ལས་ལག་རྩལ། འཕྲུལ་ཆས་སོགས་ཐད་ཀྲུང་གོ་ཕྱོགས་དང་མཉམ་ལས་དེ་བས་བྱེད་ཟབ་ཏུ་གཏོང་རྒྱུའི་རེ་བ་ཡོད”ཅེས་བཤད།
ཁུང་ཅིང་དུ་བཅའ་སྡོད་ཀྲུང་གོའི་སྤྱི་ཁྱབ་ཁེ་སྐྱོང་བ་ལིའུ་ཧུང་མའེ་ཡིས། འགག་རགས་རྣམ་གྲངས་ནི་ཀྲུང་ཐེ་རྒྱལ་ཁབ་གཉིས་པོས་དམངས་འཚོའི་ཁྱབ་ཁོངས་སུ་དངོས་སྒྲུབ་མཉམ་ལས་བྱེད་པའི་མཚོན་ཚུལ་གཞན་ཞིག་ཡིན་པ་དང་། “ཆུང་ལ་མཛེས་པ་དང་དམངས་འཚོར་ཕན་འདོགས་པའི”རྣམ་གྲངས་དེ་དག་ནི་ཀྲུང་ཐེའི་དབར་དབུལ་པོ་ཉུང་གཏོང་གི་མཉམ་ལས་རྒྱུན་མཐུད་བྱས་པའི་གྲུབ་འབྲས་ཤིག་རེད། ཉེ་བའི་ལོ་ཤས་རིང་། ཁུང་ཅིང་དུ་བཅའ་སྡོད་ཀྲུང་གོའི་སྤྱི་ཁྱབ་ཁེ་སྐྱོང་ལས་ཤག་གིས་ཁུང་ཅིང་ཧྥུའུ་ལ“རྫོང་སྐྱོད་དབུལ་སྐྱོར”སོགས་ཀྱི་རྣམ་གྲངས་ལག་ལེན་བསྟར་བར་རོགས་དངུལ་བཏང་བ་མ་ཟད། འཚོ་བའི་དངོས་ཟོག་ཞལ་འདེབས་ཕུལ་བ་དང་ལས་རིགས་འཕེལ་རྒྱས་ཀྱི་གསོ་སྦྱོང་བྱེད་པ་སོགས་ཀྱི་བྱ་ཐབས་བརྒྱུད། ཞིང་དུད་དབུལ་སྒྲོལ་ཐུབ་པར་རོགས་རམ་བྱས་ཡོད་ཅེས་བཤད།
ཐེ་ལན་གྱི་ཙུང་ལི་གཞོན་པ་དང་ཞིང་ལས་དང་མཉམ་ལས་ཁང་པུའི་པུའུ་ཀྲང་གཅིག་ལྕོགས་ཡིན་པའི་ཐཱ་མཱ་ནཱ་ཡིས། ཀྲུང་གོའི་འཕེལ་རྒྱས་ཉམས་མྱོང་གིས་ཐེ་ལན་ཚུད་པའི་འཛམ་གླིང་རྒྱལ་ཁབ་ཁག་ལ་དགེ་མཚན་ལྡན་པའི་བློ་གྲོས་སྐྱེས་སུ་ཕུལ་ཡོད། ཐེ་ལན་གྱིས་ཀྲུང་གོའི་ཉམས་མྱོང་སློབ་སྦྱོང་བྱས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་མངོན་འགྱུར་ཐུབ་པའི་རེ་བ་ཡོད་ཅེས་བརྗོད་པ་རེད།
འབྲེལ་ཡོད་གསར་འགྱུར།